ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།

དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༡-༢༠༢༢ ཅན་མའི་ཞུ་ནང་ ས་ཆའི་རྩོད་རྙོགས་༢༧ གསལ་བཀོད་འབད་མི་ལས་༢༣ ལྕང་རྒེད་འོག་ནང་ཨིནམ་ད་ སྙན་ཞུ་དེ་ནང་ གཞུང་ས་ནང་ ཧམ་འཛུལ་དང་ གཡོ་སྒྱུ་ཐོག་ལས་ ཐོ་བཀོད་འབད་འབདཝ་ ཨེ་ཀར་༥༠ ལྷགཔ་ཅིག་ གསལ་བཀོད་འབད་ནུག།

ད་རེས་ནངས་པར་ ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལ་ རྒེད་འོག་ནང་ གཞུང་ས་ཨེ་ཀར་༨.༣༠ དེ་ཅིག་ སོར་ཆུད་འབད་ནིའི་ འཁྲུན་ཆོད་བསྟར་སྤྱོད་འབད་བའི་བསྒང་ཨིན་པས།

སྤྱི་ལོ་༢༠༢༡ ཟླ་༦ པ་ཚུན་ཚོད་ གཞུང་ས་ཨེ་ཀར་༣.༠༢ སོར་ཆུད་འབད་ཡོདཔ་ད་ སྤྱི་ལོ་༢༠༠༦ ལས་༢༠༡༧ ཚུན་ཚོད་ ཁྲིམས་འདུན་ཚུ་ལས་ རྒྱལ་ཁབ་ནང་འཁོད་ལས་ ས་ཆ་ཨེ་ཀར་༨༦.༦༥ ལོག་སྟེ་གཞུང་ས་སྦེ་ ཐོ་བཀོད་འབད་ནུག།

སྤྱི་ལོ་༡༩༩༩ དང་༢༠༡༧ གྱི་བར་ན་ ས་གནས་གཞུང་གི་ འགོ་ཁྲིདཔ་སྦེ་ ཕྱག་ཞུ་མི་ རྒཔོ་བགྲེསཔ་༤ དང་ཚོགས་པ་༡ གིས་གཙོས་པའི་ མི་ངོ་ལེ་ཤ་ཅིག་ལུ་ ཉེས་འཛུགས་འབད་དེ་ ཁྲིམས་གཅོད་གྲུབ་ཐོག་ལས་ མང་ཤོས་ཅིག་ར་ བཙོན་ཁྲིམས་ཟླཝ་༣ ལས་ ལོ་༢ ཀྱི་བར་ན་བཀལ་ནུག།

ས་གནས་གཞུང་གི་ འགོ་ཁྲིདཔ་བགྲེསཔ་ཚུ་གིས་ ས་འཇལ་པ་དང་ སྤྱི་གཡོགཔ་ཚུ་དང་གཅིག་ཁར་ གྱོས་ངན་བརྩམས་ཏེ་ ལྕང་རྒེད་འོག་གི་ས་གནས་ ཚལ་ལུ་མར་འཕེལ་དང་ སྒང་ཆེ་ བར་སྦིས་ས་ ལྕང་སྡེ་སྲིད་ ལུང་བསྟན་ཕུག་ གསར་སྦིས་ཐང་ གྱེལ་བྱག་ཁ་ལུ་ གཞུང་ས་ཧམ་འཛུལ་དང་ གཡོ་སྒྱུ་ཐོག་ལས་ ཐོ་བཀོད་འབད་དེ་ ཁྲམ་སྤོ་སོར་དང་ ཉོ་ཚོང་འཐབ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ ས་ཚན་ལ་ལོ་ཅིག་ སྤུ་ན་ཁ་དང་ ལྷུང་མཚོ་ རྟ་ལ་དགོན་པ་ཚུ་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ གཡོ་སྒྱུའི་ཐོག་ལས་ སྤོ་བཤུད་འབད་ཡོད་པའི་ མངོན་གསལ་ཡང་བྱུང་ནུག།

གནད་དོན་དེ་ཡང་ སྤྱི་ལོ་༡༩༨༠ གྱ་གྲངས་ཀྱི་ཧེ་མར་ ཐིམ་ཕུག་ལུ་སྡོད་མི་ ལེ་ཤ་ཅིག་ལུ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་གིས་མ་དོ་བར་ ཐིམ་ཕུག་ལུ་ ས་ཆ་བདག་དབང་འབད་ཡོདཔ་བཞིན་དུ་ ས་ཆ་ཚུ་ རྫོང་ཁག་སོ་སོའི་ ཁྱབ་དབང་ནང་ཡོད་རུང་ ཁྲམ་གཅིག་ནང་ བཀོད་ཡོདཔ་ཨིན་པས།

དེ་འབདཝ་ད་ ས་ཁྲམ་དབང་འཛིན་གྱིས་ ས་ཁྲམ་ཐོ་བཀོད་ནང་ ས་ཚན་ཚུ་ ག་ཏེ་ལུ་ཡོདཔ་ཨིན་ན་ ཁ་གསལ་སྦེ་ ཐོ་བཀོད་བཞག་བཞགཔ་ མེདཔ་ཨིན་པས།

སྤྱི་ལོ་༡༩༨༠ ལས་ཚུར་ གཞུང་གིས་ ས་ཁྲམ་གྱི་ ཐོ་བཀོད་ཚུ་ སོ་སོར་དབྱེ་ཐོག་ལས་ ཁྲམ་འཆང་མི་ མི་ངོམ་ཚུ་དང་ གྲོས་བསྟུན་འབད་དེ་ འབྲེལ་ཡོད་རྫོང་ཁག་ནང་ ཁྲམ་བཀོད་པའི་སྐབས་ལུ་ སའི་ཇོ་བདག་དང་ དེ་བསྒང་གི་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ རང་སོའི་ཁེ་ཕན་ལུ་བལྟ་སྟེ་ ས་ཆ་ཐིམ་ཕུག་ལུ་ཨིནམ་སྦེ་ ཁྲམ་བཀོད་ནུག་ཟེར་ཨིན་པས།

ལྕང་རྒཔོ་བགྲེསཔ་ཚུ་གིས་ ས་གནས་གཞུང་གི་ འགོ་ཁྲིད་པའི་ གོ་གནས་འཆང་བའི་སྐབས་ ས་ཆ་དང་འབྲེལ་བའི་ གཡོ་སྒྱུ་ལག་ལེན་འཐབ་ཡོད་པའི་སྐོར་ལས་ ཉོགས་བཤད་ཡི་གུ་ལེ་ཤ་ཐོབ་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༢ ལས་ ཞིབ་དཔྱད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *