ལྕང་རྒཔོ་བགྲེསཔ་ལུ་ གཞུང་ས་ཧབ་ཐོབ་སྤྱོད་པའི་ ཉེས་འཛུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་གནག་ཀུ་ལུ་ སྤྱི་ལོ་༢༠༠༡ ལུ་ ཐིམ་ཕུག་ཚལ་ལུ་མ་འཕེལ་ལས་ གཞུང་ས་ཚུལ་མིན་གྱི་སྒོ་ལས་ བདག་བཟུང་ཐོག་ ཁྲམ་བཀོད་པའི་ ཉེས་འཛུགས་འབད་ནུག།
སྤྱི་ཟླ་༧ པའི་ཚེས་༡༢ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགསཔ་དང་འབྲེལ་ ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་མཛད་ཡོདཔ་ཨིན་པས།
ཉེས་འཛུགས་ཀྱི་ བཤེར་ཡིག་ནང་ བཀོད་མི་དང་འཁྲིལཝ་ད་ སྤྱི་ལོ་༡༩༩༤ ལུ་ སྤུ་ན་ཁ་ལུ་ ཁྱེགས་མཚོ་རྦད་དེ་ ཆུ་རུད་ཐོན་པའི་ཤུལ་ལས་ གཞུང་གིས་ ཕོ་ཆུ་མཐའམ་བདའ་སྟེ་ ཆུ་བྱག་རྐྱབ་ནིའི་དོན་ལུ་ སའི་ཇོ་བདག་༣༣ གྱི་ས་ཚུ་ གཞུང་བཞེས་འབད་ཡོདཔ་ཨིན་པས།
ཆའི་ཇོ་བདག་༣༣ ཡོད་ས་ལས་༡༡ གི་ས་ཚུ་ ཐིམ་ཕུག་ཚལ་ལུ་མ་འཕེལ་ལུ་ཡོདཔ་ད་ སའི་ཇོ་བདག་༡༡ གི་གྲས་ལས་ མི་ངོ་༡ ཚེ་འདས་རྣམ་རྒྱལ་ལྷ་མོ་ཨིནམ་བཞིན་དུ་ གཞུང་བཞེས་འབད་དེ་ཡོད་པའི་ས་རིན་ ཆུ་ཞིང་ཌིསི་༤༦ གི་རྒུད་འཐུས་ཐོབ་མིའི་གྲངས་སུ་ཨིན་པས།
རྩོད་རྩ་གིས་འབད་བ་ཅིན་ ཇོ་བདག་ཚུ་གིས་ གཞུང་བཞེས་འབད་མི་ ཁོང་གི་ས་ཆ་ཚུ་ལུ་ རྒུད་འཐུས་ལེན་ནི་སྦེ་ བཞག་ཡོད་རུང་ རྒུད་འཐུས་ཐོབ་ཚར་མི་ སྨིན་དྲུག་བཟང་མོ་ཟེར་མི་དེ་ལུ་ ས་ཚབ་དེ་ ཐིམ་ཕུག་ལུ་ དེ་བསྒང་ ནང་སྲིད་བློན་པོ་སྦེ་བཞུགས་མི་ དར་མགོ་ཚེ་རིང་གིས་ གནང་ཡོདཔ་སྦེ་ ཤེས་ཞིནམ་ལས་ སའི་ཇོ་བདག་གཞན་༩ གིས་ སྤྱི་ལོ་༡༩༩༧ ཟླ་༡༡ པའི་ཚེས་༡༢ ལུ་ ས་ཚབ་ཐིམ་ཕུག་ལས་དགོཔ་སྦེ་ ནང་སྲིད་ལྷན་ཁག་ལུ་ ཞུ་ཡིག་ཕུལ་ནུག་ཟེར་ཨིན་པས།
ལོ་༣ གྱི་རྒྱབ་ལས་ སྤྱི་ལོ་༢༠༠༡ ཟླ་༡༢ པའི་ཚེས་༢༧ ལུ་ ཧེ་མའི་སྲོལ་ཁྱུན་ལུ་ གཞི་བཞག་སྟེ་ དེ་བསྒང་གི་ ནང་སྲིད་བློན་པོ་ འཕྲིན་ལས་རྒྱ་མཚོ་གིས་གཙོས་པའི་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་ ནང་སྲིད་དྲུང་ཆེན་བགྲེསཔ་གིས་ རང་སོའི་ས་ཆ་ཡོད་པའི་ ས་ལྷག་འདི་ལས་ ས་ཚབ་སྤྲོད་ནི་སྦེ་ བཀའི་གནང་བ་གྲོལ་མི་དང་བསྟུན་ ས་ཚབ་ཚུ་ མང་ཤོས་ར་ བར་སྦིས་ས་ལུ་ ད་ལྟོ་ ཌཱན་ཊག་ལས་འགུལ་གྱི་ སྡོད་སྒར་ཡོད་པའི་ ཉེ་འདབས་ལས་ འཇལ་ནུག་ཟེར་ཨིན་པས།
རྩོད་རྩ་གིས་ བཀོད་མིའི་ནང་ ས་ཚབ་ཀྱི་ བཀའ་རྒྱ་མ་གནང་པའི་ཧེ་མ་ལས་ ཚེ་འདས་རྣམ་རྒྱལ་ལྷ་མོ་གིས་ ས་ཚབ་ཌིསི་༤༦ ཐོབ་མི་དེ་ མོ་རའི་བུ་རྣམ་རྒྱལ་གྱིས་ རྒཔོ་བགྲེསཔ་གནག་ཀུ་ལུ་ དངུལ་ཀྲམ་༡༠༠,༠༠༠ སྦེ་ བཙོང་ཡོད་རུང་ རྣམ་རྒྱལ་གྱི་ ཁ་ཐུག་ལས་ ས་ཆ་དེ་ ས་གནས་ག་ཏེ་ཨིན་ན་ གསལ་སྟོན་འབད་འབདཝ་ མེད་པའི་ཁར་ ས་འཇལ་བའི་སྐབས་ལུ་ཡང་ ཉེས་འཛུགས་ཅན་ གནག་ཀུ་གིས་སྦེ་ འཇལ་ནུག་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལཝ་ད་ ས་ཚབ་ཚུ་ རང་སོའི་ཁྲམ་ནང་ཡོད་མི་ ས་ཐེབས་ཚུ་ འཇལ་དགོཔ་ཨིན་རུང་ ཉེས་འཛུགས་ཅན་ གནག་ཀུ་གི་ཐད་ལུ་ སྤུ་ན་ཁའི་ ས་ཚབ་སྤྲོད་ནི་དང་ འཇལ་ནིའི་དོན་ལུ་ ལག་ལེན་འཐབ་ཡོད་པའི་ སྤྱིར་བཏང་འབྲི་ཤོག་ནང་ དགྲ་ལྷའི་ས་ཐེབས་ལས་ འཇལ་ཡོདཔ་སྦེ་འཁོད་དེ་འདུག་ཟེར་ཨིན་པས།ཉེས་འཛུགས་ཅན་གྱིས་ ས་འཇལ་སྐབས་ ཞིང་ཨང་༢༤༧ཀ་ཅན་མ་དེ་ ཚེ་འདས་རྣམ་རྒྱལ་ལྷ་མོའི་ ས་ཐེབས་ལས་ འཇལ་དགོཔ་ཨིན་རུང་ དགྲ་ལྷའི་ཞིང་ཨང་༣༤༦ ཅན་མའི་ ཉེས་འདབས་ལུ་ཡོད་མི་ གཞུང་ས་ནང་ལས་ འཇལ་ནུག་ཟེར་ བཤེར་ཡིག་ནང་བཀོད་ནུག།
རྩོད་རྩ་གིས་འབད་བ་ཅིན་ ས་ཆ་ཉོ་བཙོང་འཐབ་པའི་རྗེས་སུ་ ཁྲིམས་འདུན་བརྒྱུད་དེ་ ཁྲམ་སྤོ་སོར་འབད་དགོཔ་ཨིན་རུང་ ཉེས་འཛུགས་ཅན་གྱིས་ དེ་སྦེ་ སྤོ་སོར་མ་འབད་བར་ ཁོ་གི་མིང་ཐོག་ལུ་ ཁྲམ་ཐོབ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ ཧེ་མར་ ས་འཇལ་སྐབས་ དགྲ་ལྷའི་ཞིང་ཨང་༣༤༦ གི་འོག་ལས་ ཞིང་ཨང་༣༤༧ཀ་མེན་པར་ ས་ཁྲམ་ཨང་k7/19SWཅན་མའི་འོག་ ས་གནས་སོ་སོ་ཅིག་ལས་ ཞིང་ཨང་༡༣༢ ཐོག་ ས་ཆའི་མིང་ཡང་ སྒང་སྦུག་ཟེར་ ཌིསི་༤༦ འཇལ་ནུག་ཟེར་ཨིན་པས།
ས་ཆ་དེ་ གནག་ཀུའ་མིང་ཐོ་ཁར་ཡོད་པའི་ཁྲམ་ཨང་༨༥༢ ཅན་མའི་ནང་ ལྷོད་པའི་ཤུལ་ལུ་ སངས་རྒྱས་མཁའ་འགྲོ་དང་ ཚེ་བརྟན་རྡོ་རྗེ་༢ ལུ་ བགོ་བཤའ་རྐྱབ་སྟེ་ སྤྲོད་ནུག་ཟེར་ཨིནམ་ད་ ཧེ་མའི་ཁྲམ་ཨང་༡༣༢ ཅན་མ་དེ་ ད་རེས་འབད་བ་ཅིན་ སངས་རྒྱས་མཁའ་འགྲོའི་མིང་ཐོག་ ཁྲམ་ཨང་༡༠༥༧ ནང་ ས་རྒྱ་ཕིཊ་གྲུ་བཞི་༡༠,༠༡༩ དང་ ཚེ་བརྟན་རྡོ་རྗེའི་མིང་ཐོག་ཁྲམ་ཨང་༡༠༥༣ ནང་ ས་རྒྱ་ཕིཊ་གྲུ་བཞི་༡༠,༠༡༩ ཁྲམ་གསརཔ་བཀོད་གྲུབ་སྟེ་ སྒང་སྦུག་གི་ས་ཆ་ཌིསི་༤༦ དེ་ ས་ཁག་གཉིས་ལུ་ གྱུར་ཏེ་འདུག་ཟེར་ ཉེས་འཛུགས་ནང་བཀོད་ནུག།
དེ་འབདཝ་ལས་ ཉེས་འཛུགས་ཅན་ལུ་ གནོད་འགེལ་གྱི་ ཉེས་འཛུགས་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོཔ་མ་ཚད་ སྒང་སྦུག་གི་ས་ཆ་ཌིསི་༤༦ པོ་དེ་ ས་ཁག་གཉིས་ལུ་ གྱུར་ཡོད་མི་དེ་ ཁྲིམས་འདུན་ལས་ གཞུང་བཞེས་ཀྱི་ བཀའ་རྒྱ་གནང་དགོ་པའི་གསོལ་འདེབས་ རྩོད་རྩ་གིས་ ཞུ་ཡོད་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *