ལྕང་རྒཔོ་གིས་ དགག་ལན་གྱི་ཕན་ཐབས་ལུ་ བཙལ་རྙེད་ཀྱི་ ཞུ་བ་ཕུལ་ཡོདཔ།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒཔོ་བཀའ་འགྱུར་ལུ་ གཞུང་ས་ཨེ་ཀར་༣.༧༢ ཚུལ་མིན་ཉོ་བཙོང་འཐབ་མི་དང་འབྲེལ་བའི་ ཉེས་འཛུགས་ཁག་༤ བཀལ་ནུག།

༉ ཁ་ཙ་ ཐིམ་ཕུག་ལྕང་རྒེད་འོག་གི་ རྒཔོ་བཀའ་འགྱུར་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ ཉེས་རྩོད་ཁྲིམས་ཁྲི་༥ པའི་ནང་ ཁོ་ལུ་ ཉེས་འཛུགས་བཀལ་མི་ཚུ་གི་ དགག་ལན་ཕུལ་ནིའི་ ཕན་ཐབས་ལུ་ བཙལ་རྙེད་ཀྱི་ ཞུ་ཡིག་བཙུགས་ནུག།
དེ་ཡང་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་༢༠༠༡ ཅན་མའི་ དོན་ཚན་༤༣ པ་དང་༤༤ པའི་དགོངས་དོན་ཚུ་འཁྲིལ་ཨིནམ་ད་ བཙལ་རྙེད་ཀྱི་ ཁྱབ་ཁོངས་དང་འཁྲིལ་བ་ཅིན་ རྩ་ཕན་གྱིས་ དམིགས་བསལ་གྱི་ ཐོབ་བརྗོད་དམ་ དགག་ལན་ཅིག་ལུ་ དངོས་འབྲེལ་གྱི་ གནད་དོན་གང་རུང་ཅིག་ལུ་ བཙལ་རྙེད་ཀྱི་ ཞུ་བ་ཕུལ་ཆོགཔ་བཞིན་དུ་ ཁྲིམས་འདུན་ལས་ བཙལ་རྙེད་གནང་དགོ་མི་དེ་ཡང་ ཉོགས་མེད་དོན་ཁུངས་སྐོར་ལས་ མཁོ་གལ་མེད་པའི་ རྩོད་བཤེར་སྤང་ནི་དང་ རྩོད་ཉོགས་བཀོད་ནིའི་སྡོང་ཟླ་ དེ་ལས་ རྫུན་མནའ་བཀག་ཐབས་ཀྱི ར་ཁུངས་ལེན་ནིའི་དོན་ལུ་ཨིན་པས།
རྩོད་ཟླ་རྒཔོ་བཀའ་འགྱུར་གྱིས་ བཤད་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་ལུ་ གཞུང་ས་ཧམ་འཛུལ་འབད་བའི་ ཉེས་འཛུགས་བཀལ་ཡོད་མི་ལུ་ བརྒལ་ལན་ཕུལ་ནིའི་ འབྲེལ་གཏུགས་ཡིག་ཆ་མེདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་ལས་ ཡིག་ཆ་ཚུ་ ཐོབ་སྤྱོད་ཀྱི་ གོ་སྐབས་གནང་དགོཔ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ སྟ་གོན་སྙན་གསན་སྐབས་ ཁྲིམས་འདུན་ལུ་ ཞུ་ཡི་ཟེར་ཨིན་པས།
གཞུང་གི་རྩོད་དཔོན་གྱིས་ རྒཔོ་བཀའ་འགྱུར་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༢ གཡོ་སྒྱུ་ལག་ལེན་ གཞུང་ས་བདག་བཟུང་ཐོག་ ཉོ་བཙོང་འཐབ་ཡོདཔ་ དེ་ལས་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་མི་དེ་ཡང་ ཁོ་གིས་ སྡེཔ་སི་དམངས་ཀྱི་ རྩྭ་འབྲོག་ཨེ་ཀར་༣.༧༢ ཡིག་ཆ་རྫུས་མ་དང་ གཡོ་སྒྱུ་ དེ་ལས་ མགུ་སྐོར་གྱི་ བྱ་ངན་འཐབ་ཐོག་འཇལ་ཏེ་ ཨའི་བསྟན་འཛིན་གྱི་ཁྲམ་ཨང་༢༡ ཅན་མའི་ནང་ ཐོ་བཀོད་འབད་བའི་ཤུལ་ལས་ སྒེར་མི་མང་རབས་ཅིག་ལུ་ ཚོང་སྒྱུར་འཐབ་སྟེ་ ཁེ་ཕན་ཐོབ་ནུག་ཟེར་ཨིན་པས།
ལྕང་རྒཔོ་བཀའ་འགྱུར་ལུ་ ས་ཁྲ་དང་ ཀ་པ་ཁྲམ་རྫུས་མ་བཟོ་བའི་ ཉེས་འཛུགས་ཁག་༢ བཀལ་མི་དེ་ཡང་ སྤྱི་ལོ་༡༩༨༨ ལུ་ ས་འཇལ་དང་ ས་ཁྲམ་སྐབས་ ལྕང་སྡེཔ་སི་ལུ་ ས་འཇལ་ནིའི་དོན་ལུ་ ས་ཁྲ་བྲིས་བའི་སྐབས་ ཉོགས་འཛིན་ཡོད་པའི་ ས་ཚན་༢ ཀྱི་ཐད་ལུ་ ས་གནས་ནང་མེདཔ་ལས་ ས་འཇལ་ཡིག་ཚང་གིས་ ས་གནས་ས་འཇལ་སྙན་ཞུ་དང་ ཁྲམ་ཟིན་བྲིས་ནང་ མ་བཀོད་པར་བཞག་ནུག་ཟེར་ཨིན་པས།
ཨིན་རུང་ ཉེས་འཛུགས་པ་གིས་ སྡེཔ་སི་དམངས་ཀྱི་ རྩྭ་འབྲོག་ནང་ལས་ འཇལ་ཐབས་ལུ་ སྤྱི་ལོ་༡༩༨༨ ལོའི་ས་ཁྲ་དེ་ རྫུས་མ་བཟོ་སྟེ་ ས་ཁག་༢ ས་ཁྲའི་ནང་ཡོདཔ་ བཟོ་ནུག་ཟེར་ ཉེས་འཛུགས་ནང་བཀོད་ནུག།
ད་རུང་ སྤྱི་ལོ་༢༠༠༠ ལུ་ ལྕང་རྒེད་འོག་ནང་ ས་ཁྲམ་གསར་བཞེངས་སྐབས་ བསྟན་འཛིན་གྱི་ ཁྲམ་ཨང་༢༨༧ ཅན་མའི་ནང་ ཆུ་ཞིང་འཛོམས་བྲག་མཆོད་རྟེན་རྒྱབ་དང་ ལྕགས་ཀ་ཞིང་༢ པོ་ ས་གནས་ནང་མེདཔ་ལས་ ས་ཆ་འཇལ་འཇལཝ་མེད་རུང་ རྩོད་ཟླ་གིས་ ཁྲམ་ཨང་༢༨༧ ཅན་མའི་ ཁྲམ་ཀ་པ་འདི་ བསུབ་རྩི་ལག་ལེན་འཐབ་ཐོག་ ས་ཁག་༢ པོ་དེ་ ཐིམ་ཕུག་ལྕང་གི་ ཁྲམ་ནང་བཀོད་དེ་ ས་ཆ་ཨེ་ཀར་༣ དང་ཌིསི་༧༢ ཡོད་པའི་ ཁྲམ་རྫུས་མ་བཟོ་ནུག་ཟེར་ཨིན་པས།
གཡོ་སྒྱུ་ལག་ལེན་གྱི་ཐད་ལུ་ ཉེས་འཛུགས་པ་གིས་ སྡེཔ་སི་དམངས་ཀྱི་ རྩྭ་འབྲོག་ནང་ལས་ གཞུང་ས་འཇལ་ནིའི་དོན་ལུ་ མི་སེར་ལས་ ཉོགས་མེད་ཡི་གུ་ལེན་ཡོད་མི་དེ་ཡང་ ཁོ་ར་གིས་བྲིས་ཏེ་ བསྟན་འཛིན་གྱི་ ཁྲམ་ཨང་༢༨༧ ཅན་མའི་ནང་ཡོད་པའི་ ས་ཁག་༢ པོ་ ཧེ་མ་ལས་ ཁོང་རའི་ས་ཆ་ཨིནམ་ལས་ ཁོང་རའི་ཁྲམ་དང་འཁྲིལ་ འཇལ་ནི་ལུ་ ཉོགས་མེད་ཟེར་བའི་ ཉོགས་མེད་ཡི་གུ་རྫུས་མ་བཟོ་སྟེ་ ས་ཁྲམ་ཡིག་ཚང་ནང་ ཕུལ་ནུག་ཟེར་ཨིན་པས།
སྤྱི་ལོ་༡༩༩༩ ལས་༢༠༠༩ ཚུན་ ཐིམ་ཕུག་རྫོང་ཁག་ ས་ཁྲམ་ཡིག་ཚང་ནང་ ས་ཁྲམ་འགོ་དཔོན་སྦེ་ ཕྱག་ཞུ་མི་ ཀརྨ་རྒྱ་མཚོ་ལུ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་མི་དེ་ཡང་ སྤྱི་ལོ་༢༠༠༠ ལུ་ བསྟན་འཛིན་གྱི་ ས་ཆ་འཛོམས་བྲག་མཆོད་རྟེན་རྒྱབ་ཟེར་མི་དེ་ སྤུ་ན་ཁ་རྫོང་ཁག་གི་ ས་ཆ་ཨིན་པའི་ ཞུ་ཡིག་ནང་ ཁོ་གིས་ མིང་རྟགས་བཀོད་ཡོད་པའི་ཁར་ ཐིམ་ཕུག་རྫོང་ཁག་ལས་ སྤུ་ན་ཁ་རྫོང་ཁག་ནང་ བསྒྱུར་བཅོས་ཀྱི་ ཞུ་ཡིག་བཏང་པའི་སྐབས་ འདྲ་ཐིམ་ཕུག་ས་ཁྲམ་ཡིག་ཚང་ནང་ བཏང་ཡོད་མིའི་ནང་ཡང་ ཉེས་འཛུགས་པའི་ ས་ཡིག་རྐྱབ་ཡོདཔ་མ་ཚད་ རྫོང་ཁག་ལུ་ཡོད་མི་ ལྕང་གི་ཁྲམ་ལས་ བཏོན་མི་ཡང་ ཁོ་ལུ་ ཤེས་རྟོགས་འདུག་ཟེར་བཀོད་ནུག།
སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡༩ ལས་ ཟླ་༡༢ པའི་ཚེས་༣༠ ཚུན་ ཟླཝ་༣ ལྷགཔ་ཅིག་གི་རིང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ སྡེཔ་སིའི་ས་ཁོངས་ནང་ སྐུམ་བྲག་དང་ སེའུ་བྲག་ཟེར་སར་ སྡེཔ་སི་མི་སྡེའི་ བདག་དབང་ལུ་ རྩྭ་འབྲོག་ཨེ་ཀར་༣༨༨.༦༠ ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ དེ་ནང་ རྒཔོ་བཀའ་འགྱུར་གྱི་ཨའི་ བསྟན་འཛིན་གྱི་ མིང་ཐོ་ལུ་ ལྕགས་ཀ་ཞིང་ཟེར་མི་ ས་ཆ་ཌིསི་༩༠ དང་ འཛོམས་བྲག་མཆོད་རྟེན་རྒྱབ་ཟེར་བའི་ ས་ཆ་ཨེ་ཀར་༢.༨༢ ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༠ དང་༢༠༠༥ དེ་ཅིག་གི་བར་ན་ ཉེས་འཛུགས་ཅན་ རྒཔོ་བཀའ་འགྱུར་གྱིས་ གཡོ་སྒྱུའི་སྒོ་ལས་ སྡེཔ་སི་མི་དམངས་ཀྱི་ རྩྭ་འབྲོག་ནང་ལས་ ས་ཚན་ཁག་༢ ཁོ་རའི་ ཨའི་གི་ཁྲམ་ནང་ བཀོད་ཡོདཔ་མ་ཚད་ དེ་བསྒང་ ས་ཆ་ཐེབས་ཐོབ་བརྗོད་ཀྱི་ ངོས་ལེན་ཡོད་མི་ལུ་ གོ་སྐབས་ཧྲིལ་བུ་ལེན་ཏེ་ ཧེ་མའི་ཁྲམ་ནང་ ས་ཆ་ཌིསི་༡༥ ཡོད་མི་དེ་ ཨེ་ཀར་༢.༨༢ དང་ ས་ཌིསི་༦ འབད་མི་དེ་ ཌིསི་༩༠ ལུ་ ཡར་སེང་སྟེ་ ཁྲམ་མར་བཀོད་པའི་ ངོས་འཛིན་བྱུང་ནུག།
ཁྲམ་ནང་འཛོམས་བྲག་ མཆོད་རྟེན་རྒྱབ་ཟེར་ཚུད་མི་ ས་ཆ་དེ་ སྤུ་ན་ཁ་ལུ་ཨིན་མི་དེ་ཡང་ སྤྱི་ལོ་༡༩༨༠ གྱ་གྲངས་ཀྱི་ ཕྱེད་མཚམས་ནང་ ཐད་ཐིམ་དེ་ ཐ་དད་སྦེ་ བཏོན་པའི་སྐབས་ སྤུ་ན་ཁའི་ ས་ཆ་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ལུ་ སྤྱི་ལོ་༡༩༨༨ ལུ་ ས་འཇལཝ་ད་ སའི་ཇོ་བདག་གིས་ ས་ཆ་འདི་ ག་ཏེ་ལུ་ཨིན་ན་ འཚོལ་མ་ཐོབ་པས།
རྩོད་དཔོན་ངོ་ཚབ་ཀྱིས་ སྟ་གོན་སྙན་གསན་སྐབས་ ཞུ་མིའི་ནང་ ཉེས་འཛུགས་ཅན་གྱིས་ གཞུང་ས་དམངས་ཀྱི་རྩྭ་འབྲོག་ལས་ ཨེ་ཀར་༣.༧༢ ཁྲིམས་འགལ་ཐོག་ ཚོང་སྒྱུར་འཐབ་ཡོད་པའི་ ཁུངས་དག་གསལ་བྱུངམ་ལས་ ས་ཆ་གཞུང་ལུ་ སོར་ཆུད་འབད་དགོཔ་མ་ཚད་ སྒེར་མི་༡༩ གི་ ལག་ཁྲམ་ཚུ་ཡང་ ཆ་མཉམ་ར་ ཆ་མེད་གཏང་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་དགོ་ཟེར་ སྤྱི་ཟླ་༡༠ པའི་ཚེས་ལུ་ཕུལ་མི་ བཤེར་ཡིག་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *