ལྕང་ཅེ་དང་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ཟུར་ལམ་ ལེགས་ཤོམ་མེད་པའི་དཀའ་ངལ།

༉ འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ ལྕང་ཅེ་ཚུན་གྱི་ ཟུར་ལམ་ཀི་ལོ་མི་ཊར་༡༠ འབད་མི་བདའ་སྟེ་ འགྲོ་འགྲུལ་འབད་ནི་ལུ་ གནས་སྟངས་སྐྱོ་དྲགས་ཡོདཔ་བཞིན་དུ་ ཟུར་ལམ་དེ་ སྤྱི་ལོ་༡༩༨༠ གྱ་གྲངས་ཁར་ བསལ་ཡོདཔ་ཨིན་པས།
ཟུར་ལམ་དེ་གི་ གནས་སྟངས་ལུ་ བལྟ་བ་ཅིན་ ལམ་བསལ་ཚར་ཞིནམ་ལས་ ཉམས་བཅོས་ཀྱི་ལཱ་འབད་བའི་ རྟགས་མཚན་མེད་པའི་ཁར་ འཁོར་ལམ་རྒྱ་ཆུང་ཀུ་སྦེ་ཡོད་ནི་དེ་གིས་ གནམ་བྱཱར་འགྲོ་འགྲུལ་འབདཝ་ད་ རང་གི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ཟུར་ལམ་དེ་གི་ ཉེ་འདབས་ལས་ཕར་ཡོད་པའི་ རྒེད་འོག་༦ གི་ མི་སེར་ཚུ་གི་ དཔལ་འབྱོར་དོན་ལུ་ ཟུར་ལམ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ ཟུར་ལམ་ལས་ ཉིན་བསྟར་བཞིན་དུ་ འགྲོ་འགྲུལ་འབད་མི་ ཚེ་དབང་གིས་ སླབ་མིའི་ནང་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་དང་ ལམ་རྒྱ་ཆུང་ཀུ་ཡོད་མི་ལུ་བརྟེན་ འགྲོ་འགྲུལ་འབད་ནི་དེ་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་སོང་མི་དང་བསྟུན་ འགྲོ་འགྲུལ་འབད་མི་སྨུན་འཁོར་ ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ ཕུན་ཏན་ཆུ་རྒཔོ་ ཤི་བ་ལཱལ་གྱིས་ སླབ་མིའི་ནང་ ཁོ་གིས་ སེམས་ཁར་དྲན་ཚུགས་པའི་བསྒང་ལས་ར་ ཟུར་ལམ་དེ་གི་གནས་སྟངས་དེ་ དེ་སྦེ་ར་ སྡོད་ནུག་ཟེར་ཨིནམ་ད་ ཟུར་ལམ་སེལ་ཏེ་ དུས་ཡུན་རིངམོ་སོང་མི་ལུ་བརྟེན་ ལམ་དེ་ ཧེང་སྐལ་ར་ སྐྱོ་དྲགས་སོང་སྟེ་ཡོདཔ་ལས་ གཡུས་མི་ལ་ལོ་ཅིག་གིས་ ཉོགས་བཤད་བཀོད་དེ་འབད་རུང་ ཕན་ཐབས་ག་ནི་ཡང་ མ་བྱུང་པར་ལུས་ཡོད་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་འོགམ་ ཚེ་བརྟན་ཚེ་རིང་གིས་ འབད་བ་ཅིན་ ལམ་ཉམས་བཅོས་འབད་ནིའི་དོན་ལུ་ འཆར་དངུལ་མ་བཞག་པའི་ཁར་ ཉམས་བཅོས་ཀྱི་དོན་ལུ་ གྲོས་འདེབས་ཐེངས་མང་རབས་ཅིག་ཕུལ་རུང་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་ ཐོབ་མ་ཚུགས་ཟེར་ཨིན་པས།
སྤྱིར་བཏང་ ལོ་བསྟར་བཞིན་དུ་ ལམ་ཉམས་བཅོས་འབད་ནིའི་དོན་ལུ་ འཆར་དངུལ་ བཞག་དོ་ཡོདཔ་ལས་ ལམ་ཉམས་བཅོས་ཀྱི་དོན་ལུ་ འཆར་དངུལ་རྩ་ལས་ར་ མིན་འདུག་ཟེར་སླབ་མི་དེ་ བདེན་ཁུངས་མེདཔ་བཟུམ་ མཐོངམ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ འབད་བ་ཅིན་ ལོ་ངོ་བཅུ་ཕྲག་བཅད་དེ་ ལམ་ཉམས་བཅོས་འབད་བའི་ ལཱ་ཤུལ་མེད་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ས་གནས་ཀྱི་ འགོ་ཁྲིདཔ་ཚུ་གིས་ སྤྱིར་བཏང་ གཞི་རྟེན་ལས་འགུལ་མ་དངུལ་ ལྷག་ལུས་ཡོད་མི་ལས་ ལག་ལེན་འཐབ་དགོ་པའི་ གྲོས་འདེབས་ཕུར་ཡི་ཟེར་ཨིན་པས།
མནྜལ་སྒང་རྒེད་འོག་བདག་སྐྱོང་ནང་ རྩི་རང་དང་ གསར་སྤང་གཞུང་ལམ་ རྩི་ནག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༨ ཐོབ་སྟེ་ཡོདཔ་ད་ འགྲམ་ཕུག་ཡན་ལག་ཡིག་ཚང་གིས་ མཚོ་འཁོར་གླིང་རྒེད་འོག་བདག་སྐྱོང་དང་ སཱུན་ཀོཤི་བར་ནའི་གཞུང་ལམ་ རྩི་ནག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠ ཐོབ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *