ལོ་ལྔའི་འཆར་གཞི་༡༡ པའི་ནང་ གཞུང་གི་ལས་སྡེ་ག་རའི་ནང་ གྲུབ་འབྲས་ལེགས་ཐོན།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ལོ་ལྔའི་འཆར་གཞི་༡༡ པའི་ མཐའ་བཅད་སྙན་ཞུ་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ འཆར་ལོ་དེ་ནང་ ལས་ཁུངས་ག་རའི་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ནུག།
དེ་ཡང་ སྤྱི་ལོ་༢༠༡༣ ལས་༢༠༡༨ ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ཡར་འཕར་དེ་ སྤྱི་སྙོམས་བརྒྱ་ཆ་༥.༥༩ ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༦.༨༨ ལུ་ ཡར་སེང་འགྱོ་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ མི་རེའི་འོང་འབབ་དཔྱ་བགོ་དེ་ ཡུ་ཨེསི་ཌོ་ལར་༢,༤༦༤ གི་རྩིས་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ཌོ་ལར་༢,༨༧༩ ལུ་ ཡར་འཕར་སོང་ཡོདཔ་ད་ འོང་འབབ་དེ་ འཆར་གཞི་༡༡ པ་མཇུག་བསྡུ་ཁམས་ལུ་ ཌོ་ལར་༣,༥༤༣ ལུ་ འཛེགས་ནི་གི་ དམིགས་གཏད་ཡོད་མི་དེ་ ལུང་ཕྱོགས་ནང་ མཐོ་ཤོས་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ནང་འཁོད་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༡༠༥.༣༨ ཡོད་མི་ལས་ སྤྱི་ལོ་༢༠༡༦ ལུ་ ཐེར་འབུམ་༡༤༨.༦༩ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༣ ལུ་ ཕྱིའི་མ་དངུལ་གསོག་འཇོག་དེ་ཡང་ ཟླཝ་༢༩.༣ གི་རྩིས་སྦེ་ ཡུ་ཨེསི་ཌོ་ལར་ས་ཡ་༩༡༦.༨༦ ཡོད་མི་ལས་ སྤྱི་ལོ་༢༠༡༨ ཟླ་༤ པའི་ཚེས་༡༤ ཚུན་ཚོད་ ཌོ་ལར་ས་ཡ་༡,༡༤༠ ལུ་ ཡར་སེང་སོང་མི་དེ་ ཟླཝ་༣༠ གི་རྩིས་ཨིན་རུང་ སྤྱི་ཟླ་༦ པ་མཇུག་བསྡུ་ཁམས་ལས་ ཌོ་ལར་ས་ཡ་༡,༢༤༠ ལུ་ ལྷོད་ནིའི་ དམིགས་གཏད་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྐྱ་ནམ་གོང་ཚད་ཡར་འཕར་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ བརྒྱ་ཆ་༨.༧༧ ཨིན་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༤.༩༦ ལུ་ མར་བབས་སོང་ཡོདཔ་ད་ ཟ་ཆས་དང་ ཟ་ཆས་མེན་པའི་རིགས་ཀྱི་ གོང་ཚད་དེ་ཡང་ འཆར་གཞི་༡༠ པའི་ལོ་དང་ཕྱདཔ་ད་ བརྟན་ཏོག་ཏོ་སྦེ་གནས་ནུག།
འཆར་ལོ་དེ་ནང་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༡༡ འཚོལ་སྒྲུབ་འབད་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༦༨.༨ དེ་ ཕྱིའི་གྲོགས་རམ་ཐོག་ལས་ བྱིན་ཡོདཔ་ད་ གློག་མེ་ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ནང་འཁོད་འོང་འབབ་ཀྱི་དམིགས་གཏད་ དངུལ་ཀྲམ་ཐེར་འབུམ་༡༥༠.༦༨༩ འབད་མི་ལས་ ཐེར་འབུམ་༡༤༠.༨༣༣ ལས་བརྒལ་ བཟོ་མ་ཚུགས་པས།
སྤྱི་ལོ་༢༠༡༨ ལུ་ ཕྱིའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༧༠.༣༢ ལུ་ གནས་ཏེ་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༣༣.༣༧ དེ་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ སྐྱིན་འགྲུལ་ལེན་ཡོདཔ་ཨིན་པས།
གློག་མེ་ལས་ འོང་འབབ་བཟོ་མི་དེ་ སྤྱི་ལོ་༢༠༡༣ ལུ་ དངུལ་ཀྲམ་ཐེར་འབུམ་༡༥.༦༦ ལས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༡༨.༥༨ ལུ་ ཡར་སེང་སོང་ཡོད་པའི་ཁར་ ལས་སྡེ་དེ་གིས་ འབྲུག་མི་༡༢,༧༢༧ ལུ་ ལཱ་གཡོག་བྱིན་ཏེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
འབྲུག་པའི་ཚོང་འབྲེལ་འཐབ་མིའི་ གནས་ཚད་དེ་ སྤྱི་ལོ་༢༠༡༣ ལུ་ ཨང་༡༤༨ པའི་ནང་ཨིན་མི་ལས་ སྤྱི་ལོ་༢༠༡༧ ལུ་ ཨང་༧༥ ལུ་ ལྷོད་དེ་ཡོདཔ་ད་ འཆར་ལོ་དེ་ནང་ དཔལ་འབྱོར་གྱི་ ཡར་འཕར་དེ་ གཙོ་བོ་ར་ གློག་ཤུགས་ལུ་བརྟེན་འགྱོ་དོ་ཡོདཔ་ཨིན་རུང་ མ་འོངས་པའི་དོན་ལུ་ བརྟན་ཏོག་ཏོ་བཟོ་དགོཔ་འདུག་ཟེར་བཀོད་ནུག།
འཆར་གཞི་༡༡ པའི་ནང་ འབྲུག་རྒྱལ་ཁབ་ནང་ དབུལ་ཕོངས་དང་ འོང་འབབ་བཟོ་ནིའི་ གནས་སྟངས་ནང་ ལེགས་བསྒྱུར་སྦོམ་བཟོ་ཚུགས་ཡོདཔ་ད་ དབུལ་ཕོངས་ཀྱི་ གནས་ཚད་དེ་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༡༢ དང་༡༢.༧ ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༨.༢ དང་༥.༨ ལུ་ མར་ཕབ་འབད་ཚུགས་ཡོདཔ་ཨིན་པས།
དབུལ་ཕོངས་ཀྱི་གནས་ཚད་ མར་ཕབ་འབད་ནིའི་དོན་ལུ་ རྒྱལ་ཡོངས་གནས་ཚད་ནང་ ཐབས་ཤེས་ལེ་ཤ་བཏོན་ཡོད་མིའི་གྲས་ལས་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ས་གཞིས་མེད་མི་ ཁྱིམ་གུང་པ་༢༤༥ ལུ་ ས་ཆ་ཨེ་ཀར་༦༥༥ སྐྱིད་སྡུག་གནང་ཡོད་པའི་ཁར་ འཐུང་ཆུ་དང་ གློག་མེ་ལ་སོགས་པའི་ སྐྱིད་སྡུག་གཞན་ཡང་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལོ་ན་རྒས་མི་ཚུ་གི་དོན་ལུ་ ལས་འཆར་བཟོ་མི་དེ་གིས་ རྒན་རྒས་༨༥༠ ལུ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༡,༢༠༠ རེ་ སྐྱིད་སྡུག་སྦེ་ གནང་སྟེ་ཡོདཔ་ད་ ན་གཞོན་༢,༦༧༥ གིས་ རྒྱལ་པོའི་ལྟོ་གཟན་ལས་རིམ་ཐོག་ལས་ ཤེས་ཡོན་ཚུ་ འཕྲོ་མཐུད་སྦྱང་དོ་ཡོདཔ་ཨིན་པས།
ཕོ་མོ་འདྲ་མཉམ་བཟོ་ཐབས་ལུ་ འཆར་ལོ་དེ་ནང་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ སྐྱེས་མའི་ངལ་གསོ་དེ་ཡང་ ཟླཝ་༣ ལས་༦ ལུ་ ཡར་སེང་འབད་ཡོདཔ་མ་ཚད་ ཕོ་སྐྱེས་ཚུ་གི་དོན་ལུ་ ཧེ་མ་ཞག་གསུམ་ཐོབ་མི་དེ་ ཞག་༡༠ ལུ་ ཡར་སེང་འབད་ཡོདཔ་ད་ རང་སོའི་ཡིག་ཚང་ནང་འཁོད་ལུ་ ཨ་ལོ་བཞག་ས་ཚུ་ཡང་བཟོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མི་མང་གསོ་བའི་ཞབས་ཏོག་ཚུ་ ཡར་དྲག་གཏང་ཐབས་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ནང་ གསོ་བ་ལྷན་ཁག་ལས་ བཏོན་ཐོག་ལས་ རང་དབང་འདུས་ཚོགས་སྦེ་ བཟོ་ཡོདཔ་ད་ ཚབས་ཆེན་གྱི་ ནདཔ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་བའི་ཁར་ ཌོག་ཊར་གྱི་ གྱངས་ཁ་ཡང་ ཡར་སེང་འབད་ཡོདཔ་ཨིན་པས།
ཤེས་རིག་ཡར་དྲག་སོང་མི་དེ་གིས་ སློབ་གྲྭ་ནང་བཙུགས་མིའི་ བརྒྱ་ཆ་དུམ་གྲ་ཅིག་ ཡར་སེང་སོང་ཡོད་པའི་ཁར་ སློབ་ཕྲུག་བུམོ་ཚུ་གིས་ ཟླ་ཁྲག་འོངམ་ད་ ལག་ལེན་འཐབ་ནིའི་དོན་ལུ་ གོང་ཆུང་བའི་གཙང་རས་ཚུ་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོད་རུང་ མཐའ་ཟུར་ས་གནས་ཚུ་ནང་ སློབ་གྲྭ་ནང་ལས་ སློབ་ཕྲུག་བཏོན་བཞག་མི་དང་ སློབ་དཔོན་ལེགས་ཤོམ་ཡོད་མི་ཚུ་ དགོངས་ཞུ་འབད་མ་བཅུག་པར་ བཞག་ནི་ཚུ་ གདོང་ལེན་སྦེ་ར་ཡོདཔ་ཨིན་པས།
ལམ་སྲོལ་ཐད་ཁར་ བློ་ཟེ་དང་ཁ་སྐད་ ཞབས་ཁྲ་ དེ་ལས་ དུས་སྟོན་ལ་ལོ་ ད་རེས་ནངས་པར་ ལག་ལེན་འཐབ་མི་དང་ འཕྲོ་མཐུད་འབད་མི་ རེ་གཉིས་ལས་མེདཔ་ལས་ ཉམས་ཉེན་གུ་ ལྷོད་དེ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གློ་བུར་གྱི་ རྐྱེན་ངན་དང་འབྲེལ་བའི་ ཉེན་སྲུང་དང་ དཀའ་ངལ་ཚུ་ཐོནམ་ད་ གྲོགས་རམ་འབད་ཐབས་ལུ་ འཆར་ལོ་དེ་ནང་ གཙུག་སྡེ་དང་ ལམ་ལུགས་ཚུ་ བཙུགས་ཡོད་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལས་རིམ་དེ་ནང་ མ་རྩ་སྦེ་ དངུལ་ཀྲམ་ས་ཡ་༩༧༥ གནང་ཡོད་པའི་ཁར་ བདེ་སྲུང་གི་ ལས་རིམ་འགོ་བཙུགས་མི་དེ་ནང་ ད་རེས་ ཁས་བླངས་པ་༣,༤༩༥ ལྷགཔ་ཅིག་གིས་ སྦྱོང་བརྡར་ཚུ་ མཇུག་བསྡུ་སྟེ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འཚོ་བ་དེ་ གལ་ཆེ་ནི་དེ་གིས་ སོ་ནམ་ལས་ཁུངས་དེ་ གཙོ་རིམ་ཅིག་སྦེ་ར་ ངོས་འཛིན་འབད་དེ་ཡོད་པའི་ཁར་ རེད་དང་ལོ་ཐོག་གཞན་ཚུ་གི་ ཐོན་སྐྱེད་ཚུ་ ཡར་སེང་ཡོདཔ་ཨིན་པས།
ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཚུ་ ཡར་སེང་འགྱོ་མི་ལུ་ གདོང་ལེན་འབད་འཐབ་ལུ་ སློབ་གཉེར་གྲོགས་རམ་ ཁག་མ་འདྲཝ་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ ན་གཞོན་༦,༡༢༨ ལུ་ ལས་གཡོག་ལྷན་ཁག་གིས་ ཐད་ཁར་ལཱ་གཡོག་ཐོག་ལས་ ལཱ་གཡོག་བྱིན་ཏེ་ཡོདཔ་ད་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ཕར་ཡང་ ལཱ་གཡོག་བྱིན་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ འཆར་ལོ་དེ་གི་ གྲུབ་འབྲས་ཚུ་ དབྱེ་ཞིབ་འབད་བའི་སྐབས་ གཞུང་དང་ ས་གནས་གཞུང་གི་ གནས་ཚད་ནང་ཡོད་མི་ ལས་སྡེ་དང་ ཡིག་ཚང་ཚུ་གིས་ གནས་སྡུད་ཚུ་ གཅིག་མཚུངས་མེད་པའི་ དཀའ་ངལ་ཐོན་ཡི་ཟེར་བཀོད་ནུག།
དེ་གིས་ གྲུབ་འབྲས་ངེས་ཏིག་གསལ་སྟོན་འབད་ནི་ལུ་ དོགས་པ་ཆགས་ཡོད་རུང་ གནས་སྡུད་ཚུ་ ཚུལ་ལྡན་བཟོ་ཐབས་ལུ་ འཛིན་སྐྱོང་ལམ་ལུགས་ཚུ་བཟོ་སྟེ་ འབད་ཡི་ཟེར་ སྙན་ཞུ་དང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *