བསམ་རྩེ་ རྟ་ལྡིང་རྒེད་འོག་གི་ མི་ཚུ་གིས་ ཉེན་ཁ་འབག་ཐོག་ལས་ གནས་སྐབས་ཀྱི་དོན་ལུ་བཟོ་མི་ སྤག་ཤིང་གི་ ཨེ་ཁུག་གུ་ལས་འཛེགས་ཏེ་ ལོ་རི་ཁ་ཆུའི་ཟམ་བརྒྱུད་དེ་ འགྱོ་བའི་བསྒང་།

ལོ་རི་ཁ་ཆུའི་ཟམ་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོད་པའི་དཀའ་ངལ།

༉ ལོ་གསུམ་གྱི་ཧེ་མར་ བསམ་རྩེ་རྟ་ལྡིང་རྒེད་འོག་གི་ ལོ་རི་ཁ་ཆུའི་ཟམ་དེ་ ཆརཔ་ཤུགས་སྦེ་རྐྱབ་པའི་ རྐྱེན་ངན་ལུ་བརྟེན་ རམ་འགྱོ་མི་དེ་ ད་ལྟོ་ཡང་ ཉམས་བཅོས་མ་འབད་བར་ དེ་སྦེ་ར་ ཡོདཔ་ཨིན་པས།
ཟམ་དེ་ ད་ལྟོ་ ལོ་རི་ཁ་ཆུའི་ གུ་ལུ་ར་ཡོདཔ་ལས་ ཐོན་འཛུལ་འབད་ས་ཡང་ ལེགས་ཤོམ་མེདཔ་ཨིན་པས།
ཟམ་གྱི་ཟུར་གཅིག་ ཆུའི་གུ་ཡོད་ནི་དེ་གིས་ མི་ཚུ་གིས་ སྤག་ཤིང་གི་ཨེ་ཁུག་བཟོ་ཞིནམ་ལས་ ཟམ་གུ་འཛེགས་ཏེ་ འགྱོ་དོ་ཡོདཔ་ཨིན་རུང་ མཐའ་མར་ལྷོདཔ་ད་ མཆོངས་འགྱོ་དགོཔ་ཨིན་པས།
མ་གཞི་ ཆུ་བརྒལ་འགྱོ་ནིའི་ལམ་ གཞན་ཁར་ལས་ཡོད་དེ་འབད་རུང་ ཟམ་དེ་ རྒེད་འོག་གི་ སོ་ནམ་ཞིང་ལམ་དང་ མཐུད་སྦྲེལ་འབད་དེ་ཡོདཔ་ལས་ མི་རྒས་གཞོན་མེདཔ་ ག་ར་གིས་ ཉམས་སྐྱོན་ཤོར་མི་ ཟམ་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ས་གནས་ནང་སོང་སྟེ་ ལྟ་བའི་སྐབས་ ལོ་རི་ཁ་ཆུ་དེ་ ཤུགས་ཆེ་དྲགས་སྦེ་ཡོདཔ་ལས་ ཟམ་དེ་ ལག་ལེན་མ་འཐབ་པ་ཅིན་ ཉེན་ཁ་ཡོད་པའི་ མངོན་གསལ་བྱུང་ཡི།
ཟམ་དེ་གུ་ འཛེགས་ནི་དོན་ལུ་ སྤག་ཤིང་གི་ཨེ་ཁུག་ཕྱ་སི་སི་ཅིག་ བཙུགས་ཏེ་ཡོདཔ་ལས་ དེ་ཚེ་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཕོ་སྐྱེས་གཉིས་ཀྱིས་ ཨེ་ཁུག་དེ་གུ་ འཛེགས་འགྱོ་བའི་སྐབས་ བཅགས་ཡོདཔ་ད་ ཨིན་རུང་ ད་ལྟོའི་བར་ན་ཡང་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་གིས་ ཉེན་ཁ་འབག་སྟེ་ ཨེ་ཁུག་དེ་ར་ ལག་ལེན་འཐབ་ཨིན་པས།
རྟ་ལྡིང་ལས་ཨིན་མི་ ཅན་ད་ར་ བྷ་དུར་ག་ལེ་གིས་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཁོ་རའི་ཚམོ་༣ ཆུ་བརྒལ་ཏེ་ བསྐྱལ་བར་འགྱོ་བའི་སྐབས་ དཀའཝ་སྦོམ་སྦེ་ར་ སྤྱད་ཅི་ཟེར་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་ ཟམ་པ་དེ་ རྒེད་འོག་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ད་ལྟོ་གཡུས་ཁའི་མི་སེར་ཚུ་གིས་ ཟམ་དེ་ རྒེད་འོག་དང་ ཡང་ཅིན་ ལམ་སེལ་ལས་ཁུངས་གཉིས་ ག་གི་འོག་ལུ་ ཚུདཔ་ཨིན་ན་ར་ མི་ཤེས་པས་ཟེར་ཨིན་པས།
ད་རུང་ རྟ་ལྡིང་ལས་ཨིན་མི་ ཅན་ད་ར་ བྷ་དུར་ བུ་ཇཱལ་གྱིས་འབད་བ་ཅིན་ ཟམ་དེ་ མེདཔ་ཐལ་བའི་ཤུལ་ལུ་ ཁོང་གིས་ ཤིང་གི་ཟམ་ཅིག་ དེ་ཐོག་ཁར་ རྐྱབ་ཡོདཔ་ཨིན་རུང་ ཤུལ་ལས་ དེ་ཡང་ ཆུ་གིས་འཕྱགས་བདའ་ཡོདཔ་ལས་ ད་ལྟོ་ཡོད་མི་ སྦ་གི་ཨེ་ཁུག་དེ་ བཙུགས་བཙུགསཔ་ཨིན་ཟེར་ཨིན་པས།
མེདཔ་ཐལ་མི་ཟམ་དེ་ གོང་ཚད་དངུལ་ཀྲམ་ས་ཡ་༡.༨ སྦེ་ བཟོ་སྐྲུན་འབད་ཡོདཔ་ད་ ད་ལྟོ་ ཟམ་གསརཔ་རྐྱབ་པ་ཅིན་ དེ་གིས་ རྟ་ལྡིང་རྒེད་འོག་གི་ གཡུས་ཚན་༩ བསམ་རྩེ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་དང་གཅིག་ཁར་ མཐུད་སྦྲེལ་འབད་ཚུགས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ ཤེར་བྷ་དུར་ ཏ་མང་གིས་འབད་བ་ཅིན་ ཟམ་རམ་འགྱོ་མི་དེ་ཡང་ སྤུས་ཚད་དང་ལྡན་ཏོག་ཏོ་སྦེ་ བཟོ་སྐྲུན་མ་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
གཡུས་ཁའི་མི་སེར་ཚུ་གིས་གཙང་ཆུ་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཤེས་དོ་ཡོདཔ་ད་ ཧེ་མ་ ཟམ་བཟོ་སྐྲུན་འབད་བའི་སྐབས་ལུ་ གཞི་འགྱམ་སྒྲིང་སྒྲི་སྦེ་ བཙུགས་དགོཔ་སྦེ་ སླབ་ཡོད་རུང་ དེ་དང་འཁྲིལ་ཏེ་ འབད་མ་བཏུབ་ཟེར་ཨིན་པས།
ད་ལྟོ་འབད་བའི་བསྒང་ལས་ ཟམ་བཟོ་སྐྲུན་འབད་མི་དེ་གིས་ གཞུང་ལུ་ གྱོང་རྒུད་མ་གཏོགས་ ཁེ་ཕན་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
རྟ་ལྡིང་རྒཔོ་ ཇ་གཊ་ བྷ་དུར་གྱིས་ བཤད་མིའི་ནང་ རྒེད་འོག་ཡིག་ཚང་གི་ཁ་ཐུག་ལས་ མི་ཚུ་ལུ་ ཆུ་བརྒལ་ཏེ་འགྱོ་བའི་སྐབས་ ཉེན་ཁ་ཡོདཔ་ལས་ རང་སོའི་ ཉེན་སྲུང་ལུ་ གཙོ་བོར་བཏོན་དགོཔ་སྦེ་ བརྡ་སླབ་ཅི་ཟེར་ཨིན་པས།
ལོ་རི་ཁ་ཆུའི་ཟམ་དེ་ ལམ་སེལ་ལས་ཁུངས་ཀྱི་འོག་ལུ་ཚུདཔ་ལས་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་བཞིན་དུ་ཡོད་རུང་ ད་ལྟོ་ལན་གསལ་ག་ཅི་ཡང་ མ་འཐོབ་ཟེར་ཨིན་པས།
རྟ་ལྡིང་རྒེད་འོག་དེ་ བསམ་རྩེ་རྫོང་ཁག་ནང་ རྒེད་འོག་༡༥ ཡོད་ས་ལས་༡ ཨིནམ་ད་ རྒེད་འོག་དེ་ནང་ མི་སེར་༥,༧༠༠ ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༨ པའི་ནང་ ཟམ་བཟོ་སྐྲུན་འབད་དེ་ ཟླཝ་༥ ལངམ་ཅིག་ རམ་ཡོདཔ་ད་ ཟམ་དེ་གིས་ རྟ་ལྡིང་རྒེད་འོག་ཡིག་ཚང་དང་ རྒེད་འོག་གི་ སོ་ནམ་ཞིང་ལམ་ མཐུད་སྦྲེལ་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

གྱེན་ལོག་དམག་རྒོལ་གྱི་ རྩོད་བཤེར་སྙན་གསན་ནང་ ཁྲིམས་སྲུང་འགག་སྡེ་གིས་ བརྡ་བརྒྱུདཔ་ཚུ་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ།

༉ འབྲུག་པའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ གནས་ཚུལ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་རུང་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འདུན་གྱི་ས་ཁོངས་ཚུ་ནང་ འཛུལ་བའི་སྐབས་ ཚད་འཛིན་དང་ བཀག་འཛིན་ཚུ་ འབད་དོ་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་སྡེ་ལས་ བརྡ་དོན་ཚུ་འཐོབ་ནིའི་ཐད་ཁར་ …

Leave a Reply

Your email address will not be published. Required fields are marked *