ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ཚུ་ གོ་སྐབས་ཅིག་ བྱིན་དགོ་པའི་ཞུ་བསྐུལ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ད་རུང་ ཤེས་རིག་ལྷན་ཁག་ལུ་ ལོ་ཚད་མ་ལང་པར་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་ ད་རེས་ ལན་ཐེངས་གཅིག་ ཆ་མེད་མ་བཏང་པར་ ཤེས་ཡོན་འཕྲོ་མཐུད་དེ་ར་ སྦྱང་ནི་གི་ གོ་སྐབས་བྱིན་དགོ་པའི་ ཡི་གུ་ཅིག་བཏང་ནུག།
ཡི་གུ་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་བརྒྱུད་དེ་ ཁ་ཙ་ ཤེས་རིག་ལྷན་ཁག་ལུ་ བཏང་ཡོད་རུང་ ལྷན་ཁག་གིས་ བློན་ཆེན་གྱི་ ཡི་གུ་ལུ་ ངོས་ལེན་ཡོད་མེད་ཀྱི་ ཐག་བཅད་ནི་ལུ་ དུས་ཚོད་དུམ་གྲ་ཅིག་ འགོར་ནི་ཨིན་པས།
ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ བློ་གསར་སློབ་རིམ་གྱི་ འཛུལ་ཞུགས་སྲིད་བྱུས་ལུ་ ཆ་གནས་དང་ བརྩི་མཐོང་བསྐྱེད་ཐབས་ལུ་ ཧེ་མ་ལས་ ལག་ལེན་འཐབ་མི་ སློབ་ཕྲུག་འཛུལ་ཞུགས་ཀྱི་ ལོ་ཚད་དེ་ སྐྱེས་ལོ་༦ སྦེ་ར་ བཞག་ནི་སྦེ་ ཐག་བཅད་མི་དང་་འཁྲིལ་ བློན་ཆེན་གྱིས་ ཡི་གུ་བྲིས་ཡོདཔ་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༦ པའི་བདུན་ཕྲག་༣ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ ཤེས་རིག་ལྷན་ཁག་ལུ་ འཛུལ་ཞུགས་ཕར་འགྱངས་དང་ ཆ་གནས་ཀྱི་ འོས་འབབ་བལྟ་དགོ་པའི་ ཡི་གུ་ཅིག་ བཏང་མི་དེ་ཡང་ ལོ་ཚད་མ་ལང་པར་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ལུ་ བར་ཆད་འབྱུང་མི་བཅུག་ནིའི་དོན་ལུ་ཨིན་ཟེར་བཀོད་ནུག།
སྤྱི་ཟླ་༦ པའི་ཚེས་༡༣ ལུ་ སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ དེ་ལས་ ཕམ་ཚུ་གིས་ བློན་ཆེན་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ སྤྱི་ལོ་༢༠༡༩ ལུ་ དུས་ཅི་ སློབ་དུས་ནང་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་ གཏན་འཇགས་ཀྱི་ སློབ་ཕྲུག་སྦེ་ ངོས་ལེན་འབད་གནང་ཟེར་ ཞུ་ཡིག་ཕུལ་ཡི།
ཞུ་ཡིག་དེ་ཡང་ ལྷན་ཁག་གིས་ སྤྱི་ཟླ་༥ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༦ མ་ལང་མི་ སློབ་ཕྲུག་༨༩༠ འཛུལ་ཞུགས་འབད་མི་ཚུ་དང་ ཁོང་གི་ངོ་རྟགས་ཚུ་ཡང་ ཆ་མེད་བཏང་པའི་ཤུལ་ལས་ བཙུགས་ཡོདཔ་ཨིན་པས།
ད་རུང་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ སྤྱི་ལོ་༢༠༡༩ ཟླ་༣ པ་ཚུན་ཚོད་ སྐྱེས་ལོ་༥ སྦེ་ བཞག་གནང་ཟེར་ ཞུ་ཡོདཔ་ད་ སློབ་གྲྭའི་སྲིད་བྱུས་བསྒྱུར་བཅོས་ མ་རྐྱབ་རུང་ ཕམ་དང་ སློབ་གྲྭའི་ཇོ་བདག་ དེ་ལས་ དབུ་འཛིན་ཚུ་གིས་ འཛུལ་ཞུགས་ཀྱི་ ལོ་ཚད་དེ་ ཆ་གནས་འབད་དགོ་པའི་ཁར་ སང་ཕོད་ལས་ བཅའ་ཡིག་དང་ སྒྲིག་གཞི་ལུ་ གནས་འོང་ཟེར་ཞུ་ཡི།
 བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ སྐྱེས་ལོ་༦ ལང་མི་ ཡང་ཅིན་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡༣ གྱི་ཧེ་མར་ སྐྱེས་མི་ཚུ་ བཙུགས་ཆོག་ནི་ཨིནམ་ད་ གལ་སྲིད་ སློབ་གྲྭ་ནང་ ས་སྟོང་ཡོད་པ་ཅིན་ སྐྱེས་ལོ་༥ དང་ཕྱེད་ཡན་ཆད་ལང་མི་འབདཝ་ད་ སྤྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡༣ ལུ་ སྐྱེས་མི་ཚུ་ བཙུགས་དགོཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་ ཨ་ལོ་ལ་ལོ་ཅིག་ སྐྱེས་ལོ་༤ ལང་མི་ཡོདཔ་ཨིན་རུང་ མང་ཤོས་ར་ སྐྱེས་ལོ་༥ ལང་མི་ཚུ་ཡོདཔ་ཨིན་པས།
ལྷན་ཁག་གིས་ འཛམ་གླིང་ཞིབ་འཚོལ་སྙན་ཞུ་ལུ་ གཞི་བཞག་ཐོག་ལས་ ཨ་ལོ་གོང་འཕེལ་གནས་སྟངས་དང་ ཞི་བདེ་ དེ་ལས་ ཧེ་མ་ལས་ ཐག་བཅད་མི་ལུ་ བཞག་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ ལོ་ཚད་མ་ལང་པར་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ སང་ཕོད་ སློབ་རིམ་དེ་ནང་ར་ ལོག་བལྟ་དགོཔ་བཞིན་དུ་ ལོ་ཚད་མ་ལང་མི་ཚུ་ཡང་ ཁྱད་ཚད་དང་ མ་འཁྲིལ་བར་ འཛུལ་ཞུགས་འབད་མི་ལུ་ བརྩི་འཇོག་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *