ནོར་རྫིཔ་ཚུ་གིས་ རང་སོའི་ལ་ནོར་ གཡག་དེ་ཚུ་ རི་ཁ་ལས་ ལོག་གཡུས་ཁར་ བདའ་འོང་པའི་བསྒང་།

ལོ་བསྟར་སྐུ་རིམ་དེ་ མེ་རག་་གི་ མི་སྡེ་ཚུ་ ལོག་འཛོམས་པའི་ དུས་ཚོད་ཅིག་ཨིནམ།

༉ བཀྲིས་སྒང་མེ་རག་རྒེད་འོག་གི་ ནོར་རྫིཔ་ཚུ་ ཟླཝ་༩ དེ་ཅིག་རིང་ ལ་ནོར་ཚུ་དང་གཅིག་ཁར་ རི་ཁར་སྡོད་པའི་ཤུལ་ལུ་ གནམ་བྱཱར་གྱི་དུས་ཚོད་ སྤྱི་ཟླ་༦ པ་དང་༧ པའི་ནང་ ནོར་རྫིཔ་མང་ཤོས་ཅིག་ར་ རང་སོའི་ལ་ནོར་ཚུ་ བདའ་འོང་སྟེ་ གཡུས་ཁར་ལོག་འོངམ་ཨིན་པས།
དུས་ཚོད་འདི་ནང་ གཡུས་ཁར་ཁྱིམ་སྲུང་སྡོད་མི་དང་ ཁྱིམ་ཚང་ཚུ་ ལོག་འཛོམས་ཏེ་ སྤྲོ་སྟོན་འབདཝ་མ་ཚད་ ནོར་རྫིཔ་ཚུ་ གཡུས་ཁ་ལུ་ ལོག་འོང་མི་དེ་གིས་ མེ་རག་ལུ་ ལོ་བསྟར་གྱི་ སྐུ་རིམ་གནང་ནི་གི་ དུས་ཚོད་རན་ཡོད་པའི་ བརྡ་མཚོན་སྟོནམ་བཞིན་དུ་ ལོ་༡ ནང་ གཡུས་ཚན་དེ་གི་ མི་སྡེའི་འཐུས་མི་ག་ར་འཛོམས་པའི་ དུས་ཚོད་ཟེར་རུང་ དུས་ཚོད་འ་ནེམ་ཅིག་ནང་ཨིན་པས།
མེ་རག་གི་ མི་སྡེའི་དོན་ལུ་ ལོ་ཆོག་དང་ རིམ་གྲོ་རྩ་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབད་མི་ ཉིན་གྲངས་༡༠ གྱི་རིང་ གནང་སྲོལ་ཡོད་མི་ སྐུ་རིམ་དེ་ ས་ཁར་མཐོ་སར་ སྡོད་མི་ཚུ་གིས་ ས་ཁོངས་དེ་ནང་ གཞིས་འགོ་དང་པ་ཆགས་པའི་ ནམ་དུས་ལུ་ འགོ་བཙུགས་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན་པས།
མེ་རག་རྒེད་འོག་གི་ དམངས་མི་ཕུར་པ་གིས་ བཤད་མིའི་ནང་ སྐུ་རིམ་གྱི་སྲོལ་ འགོ་བཙུགས་ཞིནམ་ལས་ཚུར་ ལོ་༡ ཡང་མ་ཆད་པར་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ མི་སྡེ་གིས་ སྔར་སྲོལ་ལམ་ལུགས་བཟང་པོ་དེ་ ཉམས་མ་བཅུག་པར་ བདག་འཛིན་འཐབ་སྟེ་ཡོད་ཟེར་ཨིན་པས།
དམངས་གྱི་སྐུ་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༥ ལུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ནོར་རྫིཔ་ཚུ་ ནོར་འཚོ་སའི་ རྩྭ་འབྲོག་ནང་ལས་ ལོག་གཡུས་ཁར་འོང་མི་དང་ སློབ་ཕྲུག་ཚུ་ གནམ་བྱཱར་གྱི་ ངལ་གསོ་ནང་བཏང་མི་དང་བསྟུན་ འགོ་འདྲེན་འཐབ་ཨིན་པས།


དམངས་མི་ཕུར་པ་གིས་ བཤད་མིའི་ནང་ སྐུ་རིམ་གནངམ་ད་ གཡུས་ཁའི་མི་ག་ར་ འོང་དགོ་ཟེར་ཨིནམ་ད་ལོ་བསྟར་གྱི་ སྐུ་རིམ་དེ་ཡང་ མི་སྡེའི་ནང་ ལོ་གཅིག་གི་ རྐྱེན་ངན་དང་ བར་ཆད་ཚུ་བཟློག་ཐབས་འབད་དེ་ ཞི་བདེ་དང་ དགའ་སྐྱིད་འབྱུང་ནིའི་དོན་ལུ་ གནངམ་ཨིན་པས།
རྒེད་འོག་གི་ ལྷ་ཁང་ནང་ ཉིན་གྲངས་༡༠ གྱི་རིང་ སྐུ་རིམ་གནངམ་ད་ རྒེད་འོག་གི་ མི་སེར་ཚུ་གིས་ སྐོར་རྒྱབ་སྦེ་ འགོ་འདྲེན་འཐབ་མ་ཚད་ ལས་མི་ཚུ་ཡང་ ཁས་བླངས་ཐོག་ལས་ཡོདཔ་ད་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་རྐྱངམ་གཅིག་གིས་མ་དོ་བར་ ཁྱིམ་གུང་རེ་ལས་ མར་ཀེ་ཇི་༢ རེ་དང་ དར་ཚིལ་ཀེ་ཇི་རེ་ ཚྭ་དང་ གུ་རམ་ ཆུམ་ཚུ་ དམངས་ཀྱི་ལྷ་ཁང་ལུ་ ཞལ་འདེབས་ཕུལཝ་ཨིན་པས།
སྐུ་རིམ་གྱི་སྐབས་ དགེ་སློང་ཚུ་གིས་ ཞལ་འབགཔ་བཙུགས་ཐོག་ལས་ ལག་པར་མེ་ཕྱི་འབག་སྟེ་ གཡུས་སྒོ་ནང་ གནོད་བྱེད་ཀྱི་བགེགས་ཚུ་ ཕྱི་ཁར་བདའ་གཏང་ནིའི་དོན་ལུ་ བགེགས་སྐྲོད་བཏང་སྲོལ་ཡོད་མི་དེ་ ཁྱད་ཆོས་མ་འདྲཝ་ཅིག་ཨིན་པས།
སྐུ་རིམ་གྱི་ ཉིན་མཇུག་ལུ་ དགེ་སློང་དང་ སྒོམ་ཆེན་ཚུ་གིས་ སྣ་ཁྲིད་འབད་དེ་ གཡུས་ཁའི་ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ ཨ་ལོ་ཚུ་གིས་ ཆོས་པོ་ཏི་འབག་ཐོག་ལས་ ཉིནམ་གཅིག་གི་རིང་ ཆོས་བསྐོར་རྐྱབ་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ དགེ་སློང་ཚུ་གིས་ རྟ་གུ་བཞོན་ དེ་ལས་ ཨམ་སྲུ་ཚུ་གིས་ ཆོས་ཀྱི་པོ་ཏི་ཚུ་ འབག་ཐོག་ལས་ གཡུས་བསྐོར་ར་ རྐྱབ་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ བཤོལ་བཞག་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ མཁའ་གླིང་ལས་ ལོག་ལྷོད་མི་ ནོར་རྫིཔ་སྐལ་བཟང་ཟླ་བ་གིས་ ལོ་གཅིག་ནང་ ཁོ་གི་ཆ་རོགས་དང་ ཁྱིམ་ཚང་འཕྱད་ནི་གི་ གོ་སྐབས་ཟེར་རུང་ སྐུ་རིམ་འགོ་འདྲེན་འཐབ་པའི་སྐབས་རྐྱངམ་གཅིག་ཨིན་ཟེར་ བཤདཔ་ཨིན་པས།
སྐུ་རིམ་དེ་ མཇུག་བསྡུཝ་ཅིག་ ཁོང་མང་ཤོས་ཅིག་ར་ ནོར་བྱང་ས་ལུ་ ལོག་འགྱོཝ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡོན་ཏན་ཚེ་གྲུབ་དང་ ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *