བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སོ་ནམ་ལྷན་ཁག་འོག་གི་ ལས་ཁུངས་ཚུ་དང་གཅིག་ཁར་ བསྐྱར་ཞིབ་ཞལ་འཛོམས་འཚོགས་པའི་བསྒང་།

ལོ་བསྟར་ལས་འབྲེལ་ཆིངས་ཡིག་གི་ནང་དོན་ཚུ་ ལོག་སྟེ་ གཙོ་རིམ་བསྒྲིག་དགོ་པའི་ བཀའ་རྒྱ་གནང་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འདས་པའི་བདུན་ཕྲག་༢ ཀྱི་རིང་ ལྷན་ཁག་དང་ ལས་སྡེ་ཚུ་ནང་ ལོ་བསྟར་ལསའབྲེལ་ཆིངས་ཡིག་གི་ བསྐྱར་ཞིབ་དོན་ལུ་ ལྟ་སྐོར་འབད་བའི་སྐབས་ དུས་ཚོད་མང་ཤོས་ཅིག་ནང་ར་ ཡིད་ཆེས་ཏོག་ཏོ་མིན་འདུག་ཟེར་ གསུངས་ཡི།
འདས་པའི་བདུན་ཕྲག་གི་ རེས་གཟའ་སྤེན་པ་ལུ་ཡང་ སོ་ནམ་ལྷན་ཁག་འོག་གི་ ལས་ཁུངས་ཚུ་དང་གཅིག་ཁར་ བསྐྱར་ཞིབ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་གྱིས་ གན་ཡིག་ཟིན་བྲིས་ཚུ་ནང་བཀོད་མི་ ནང་དོན་ཚུ་ ལོག་སྟེ་ གཙོ་རིམ་སྒྲིག་དགོཔ་འདུག་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༢ ལས་འགོ་བཙུགས་ བློན་ཆེན་གྱིས་ གསོ་བ་དང་ སོ་ནམ་ ཤེས་རིག་ལྷན་ཁག་ ལྟ་བཤལ་དང་ འཐུང་ཆུ་ རང་བཞིན་ཐོན་སྐྱེད་ཀྱི་ དམིགས་བསལ་ལས་རིམ་ ཐིམ་ཕུག་ཁྲོམ་སྡེ་དང་ ནགས་ཚལ་ སྒོ་ནོར་ དེ་ལས་ སོ་ནམ་ལས་ཁུངས་ཚུ་ནང་ བསྐྱར་ཞིབ་འབད་ཡོདཔ་ད་ བསྐྱར་ཞིབ་འབད་ཚར་མི་ ལས་སྡེ་དང་ལྷན་ཁག་མང་ཤོས་ཅིག་ནང་ར་ མི་མང་ལུ་དགོས་མཁོ་ཡོད་པའི་ གཙོ་རིམ་ལུ་གཞི་བཞག་སྟེ་ དམིགས་གཏད་དང་ལས་སྣ་ཚུ་ བསྐྱར་བཟོ་འབད་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ལོ་བསྟར་ལས་དོན་གན་ཡིག་གི་ ལམ་ལུགས་གཞི་བཙུགས་འབད་དེ་ ཧ་ལམ་ཅིག་ཡར་སོ་རུང་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་མ་བཏུབ་མི་དེ་ཡང་ མི་ཚུ་གིས་ ལམ་ལུགས་དེ་ ག་དེ་སྦེ་ཨིན་ན་དང་ ག་ཅི་བཟུམ་འོང་དགོཔ་ཨིན་ན་ ཤེས་རྟོགས་མེད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
མ་འོངས་པར་ ལོ་བསྟར་ལས་འབྲེལ་གན་ཡིག་གི་ ལམ་ལུགས་དེ་གིས་ མ་དངུལ་གྱི་འབྱུང་ཁུངས་ལས་ འཆར་གཞིའི་ལས་སྣ་ཚུན་ ལམ་སྟོན་འབད་ནི་ཨིནམ་ལས་ གན་ཡིག་གི་མཐའ་བཅད་དམིགས་དོན་དེ་ དེ་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འདས་པའི་གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ མདོ་ཆེན་དང་ རྫོང་བདག་ལ་ལོ་ཅིག་གིས་ མཚན་རྟགས་བཀོད་མི་ ཡིག་ཆའི་ནང་དོན་ཚུ་གི་སྐོར་ལས་ར་ མི་ཤེས་པས་ཟེར་ཨིན་པས།
བློན་ཆེན་གྱིས་ བསྐྱར་ཞིབ་ཞལ་འཛོམས་ཚུ་ནང་ གསུངས་མིའི་ནང་ ལས་སྣ་ཚུ་ལུ་ ཚུལ་མཐུན་གྱི་བརྩི་ཁུངས་ཚུ་ མ་བྱིན་པས་ཟེར་ཨིནམ་ད་ དེ་ཡང་ དཔེར་ན་ སོ་ནམ་ལས་ཁུངས་ནང་འབད་བ་ཅིན་ འཆར་ལོ་༢༠༡༩ དང་༢༠༢༠ བར་ནའི་ གྲུབ་འབྲས་འཐོན་ནིའི་ ལས་སྣ་ཚུ་གི་གྲས་ལས་གཅིག་ འཆར་གཞི་དང་ལྟ་རྟོག་ཡར་དྲག་གཏང་ནིའི་དོན་ལུ་ ལུང་ཕྱོགས་དང་ རྒྱལ་ཡོངས་ཀྱི་ མཉམ་འབྲེལ་ཞལ་འཛོམས་ཁག་༧ འགོ་འདྲེན་འཐབ་ནི་ཟེར་ བཀོད་ཡོད་མི་ལུ་ ལྗིད་ཚད་༢ བཀོད་ནུག་ཟེར་ཨིན་པས།
དེ་ལུ་ བློན་ཆེན་གྱིས་ བཤད་མིའི་ནང་ རྒྱལ་ཡོངས་ཀྱི་དགོས་དོན་ཚུ་ གཙོ་རིམ་བཟུང་ཐོག་ལས་ འགྲུབ་མ་ཚུགས་པའི་དམིགས་གཏད་ཚུ་ལུ་ ལྗིད་ཚད་མངམ་བྱིན་དགོཔ་ད་ མཉམ་འབྲེལ་ཞལ་འཛོམས་འཚོགས་ནི་དེ་ ཟླཝ་༣ དེ་ཅིག་ནང་ མཇུག་བསྡུ་ནི་ཨིནམ་ལས་ གཞུང་སྐྱོང་མཆོག་འགྱུར་ལས་རིམ་གྱི་ རེ་བ་དེ་ར་ མཉམ་འབྲེལ་ཞལ་འཛོམས་༧ གྱི་ གྲུབ་འབྲས་ག་ཅི་འཐོན་ནི་ཨིན་ན་ དེ་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ ལས་སྡེ་དང་ ལས་ཁུངས་ཚུ་གིས་ མ་དངུལ་ཡང་ ལོག་སྟེ་ གཙོ་རིམ་སྒྲིག་ཞིནམ་ལས་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ དམིགས་གཏད་ཚུ་ མངམ་གྲུབ་འབྲས་ལུ་ གཞི་བཞག་སྟེ་ བཟོ་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *