ལོ་ན་མ་སྨིན་པའི་ བུམོ་ཚུ་གི་ ཉེན་སྐྱོབ་ཐབས་ལམ་བཏོན་དོ་ཡོདཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ བུམོ་ཅུང་ཚུ་ལུ་ དབང་བཙོང་འདོད་སྤྱོད་དང་ འདོད་སྤྱོད་དང་འབྲེལ་བའི་གནོད་འཚེ་ དེ་ལས་ ན་ཆུང་གི་ དུས་སྐབས་ལས་ར་ ཨ་ལོ་ཆགས་མི་ མང་སུ་ཐོན་དོ་ཡོད་མི་དེ་ རྒྱལ་ཡོངས་ཀྱི་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་འབདཝ་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ ལོ་ན་མ་སྨིན་པའི་བུམོ་ཚུ་ ཉེན་སྐྱོབ་འབད་ནི་དང་ ཨ་ལོ་ཆགས་པ་ཅིན་ གསོ་བའི་ཞབས་ཏོག་བྱིན་ནི་ དེ་ལས་ ཁྲིམས་ཀྱི་ཁ་ཐུག་ལས་ ཆ་རོགས་དང་ རྒྱབ་སྐྱོར་འབད་ཐབས་ཀྱི་ སྲིད་བྱུས་དང་ བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་དགོ་པའི་སྐོར་ དྲིས་ལན་ཐོག་ གྲོས་བསྡུར་གནང་ཡི།

ཚོགས་སྡེའི་ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ དྲི་བཀོད་ལས་རིམ་ནང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ ཉེན་སྐྱོབ་ཀྱི་ ཐབས་ལམ་ཚུ་ ག་དེ་སྦེ་ར་ ཡོདཔ་ཨིན་ནའི་སྐོར་ དྲི་བ་ཞུ་ཡི།

མོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༢༠ ལུ་ རྫོང་ཁག་༡༨ ནང་ ལོ་ན་མ་སྨིནམ་ལས་ ཨ་ལོ་ཆགས་མི་༢༣༧ ཐོ་བཀོད་འབད་ཡོདཔ་སྦེ་ ཀུན་གསལ་གསར་ཤོག་ནང་ བཀོད་ཡོད་རུང་ འདས་པའི་བདུན་ཕྲག་གི་ ཀུན་གསལ་རྩོམ་སྒྲིག་པའི་སྣང་འཆར་ནང་ གྱངས་ཁ་༣༣༠ སྦེ་བཀོད་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སྤྱི་ལོ་༢༠༠༩ ལས་༢༠༡༦ གི་བར་ན་ ལོ་ན་མ་སྨིན་མི་ན་ཆུང་༢༢༦ ལུ་ ཨ་ལོ་ཆགས་ཡོདཔ་སྦེ་ སྙན་ཞུ་ཕུལ་ཡོད་རུང་ ན་ཧིང་ལོ་༡ ནང་ར་ གྱངས་ཁ་དེ་ལས་ མང་མི་དེ་ཡང་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེས་ལོ་༡༢ ལང་མི་བུམོ་དེ་བརྩིས་ཏེ བུམོ་ཅུང་༣༣༠ གིས་ ཨ་ལོ་སྐྱེས་ཡོད་པའི་ཁར་ ཐིམ་ཕུག་ལུ་ སྐྱེས་ལོ་༡༣ ལང་མི་བུམོ་ཅིག་ལུ་ ཨ་ལོ་ཆགས་མི་དེ་ སྐྱེ་ནིའི་དུས་ཚོད་རན་ནུག་ཟེར་ ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ཞུ་ཡི།

ན་ཆུང་ལས་ ཨ་ལོ་ཆགས་མི་ལུ་བརྟེན་ ཨ་ལོ་སྐྱེས་བའི་སྐབས་ ཉེན་ཁ་དང་ བུམོ་མང་ཤོས་ཅིག་ ཤེས་ཡོན་འཕྲོ་མཐུད་བལྟ་མ་ཚུགས་པར་ མི་སྡེ་ནང་ སེམས་ཁམས་དང་འབྲེལ་བའི་ དཀའ་ངལ་བྱུང་སྟེ་ རང་སྲོག་བཅད་ནིའི་ ཉེན་ཁ་ཡང་ བྱུང་ནུག་ཟེར་ཨིན་པས།

ཨ་ལོའི་ཕམ་དང་ སློབ་གྲྭའི་སློབ་སྟོན་པ་ དབུ་འཛིན་ གསོ་བའི་ལས་བྱེདཔ་ཚུ་གིས་ གནད་དོན་དེ་གི་སྐོར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་མ་འབད་བར་ གསང་བའི་ཐོག་ལས་ སེལ་ཐབས་འབད་བའི་ གནད་དོན་ཚུ་ཡང་འདུག་ཟེར་ཞུ་ཡི།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༨༣ པ་ནང་ ན་ཆུང་ལུ་ ཁས་ལེན་འབད་ནིའི་ ལྕོགས་གྲུབ་མེདཔ་སྦེ་ འཁོད་ཡོད་པའི་ཁར་ ན་ཧིང་ ན་གཞོན་བུམོ་༣༠༠ ལྷགཔ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ རྩོད་དོན་ཐོན་ནུག་ཟེར་ཨིན་པས།

ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ ཞུ་མིའི་ནང་ ན་གཞོན་སྐྱེས་ལོ་༡༨ མན་ཆད་ལུ་ ཨ་ལོ་ཆགས་པ་ཅིན་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དགོཔ་བཞིན་དུ་ སྐྱེས་ལོ་༡༨ དང་༡༩ འི་བར་ན་ ཨ་ལོ་སྐྱེས་བ་ཅིན་ ཁྲིམས་འགལ་མེནམ་ལས་ གཉེན་བསྡོམ་ཆོག་པས་ཟེར་ཨིན་པས།

དེ་འབདཝ་ད་ གསོ་བའི་ཁ་ཐུག་ལས་ སྐྱེས་ལོ་༡༩ ལང་མི་ལུ་ ཨ་ལོ་ཆགས་པ་ཅིན་ ཉེན་ཁ་ལེ་ཤ་ཡོདཔ་ལས་ གཉེན་རྐྱབ་ནིའི་ལོ་ཚད་དེ་ ཡར་སེང་འབད་དགོཔ་བཟུམ་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་བའི་ཁར་ རྒྱ་ནག་རྒྱལ་ཁབ་ནང་འབད་བ་ཅིན་ གཉེན་རྐྱབ་ནིའི་ལོ་ཚད་དེ་ སྐྱེས་ལོ་༢༡ ལང་དགོཔ་ད་ སིངྒ་པུར་དང་ རྒྱལ་ཁབ་གཞན་ཚུ་ནང་ སྐྱེས་ལོ་༢༠ ཡན་ཆད་ལས་ མོས་མཐུན་ཐོག་ འདོད་སྤྱོད་དང་ གཉེན་རྐྱབ་ཆོགཔ་སྦེ་འདུག་ཟེར་ཞུ་ཡི། 

གཉེན་རྐྱབ་ནིའི་ ལོ་ཚད་དེ་ སྐྱེས་ལོ་༢༠ བཟོ་ཚུགས་པ་ཅིན་ ན་གཞོན་བུམོ་ ཨ་ལོ་ཆགས་མི་ཚུ་ལུ་ རྒྱབ་སྐྱོར་འབད་ཚུགས་ནི་མས་ཟེར་ཨིན་པས།

ཨ་ལོ་ཆགས་མིའི་གནས་སྡུད།

རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༨ ལུ་ ཨ་ལོ་ཆགས་མི་ཡོངས་བསྡོམས་ལས་ སྐྱེས་ལོ་༡༩ མན་ཆད་འབད་མི་ ན་གཞོན་བུམོ་༤༥༣ ལས་ སྐྱེས་ལོ་༡༨ ལང་མི་༡༧༤ དང་ སྐྱེས་ལོ་༡༧ དང་༡༩ འི་བར་ན་འབད་མི་༢༧༩ འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ ལོ་ན་མ་སྨིན་པར་ ཨ་ལོ་ཆགས་མི་༣༡༤ ཡོད་མི་ལས་ སྐྱེས་ལོ་༡༨ མན་ཆད་འབད་མི་ བུམོ་༡༤༡ དང་ སྐྱེས་ལོ་༡༨ ཡན་ཆད་འབད་མི་༡༧༣ ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ ན་ཆུང་བུམོ་ ཨ་ལོ་ཆགས་མི་༣༣༠ ཡོད་མི་ལས་ བུམོ་༡༦༣ དེ་ སྐྱེས་ལོ་༡༨ མན་ཆད་དང་ སྐྱེས་ལོ་༡༨ ཡན་ཆད་འབད་མི་༡༦༧ ཐོ་བཀོད་འབད་ནུག། 

སྤྱི་ལོ་༢༠༢༠ ལུ་ ལོ་ན་མ་སྨིནམ་ལས་ ཨ་ལོ་སྐྱེས་མི་༡༦༣ ཡོད་མི་ལས་༢༤ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ ཁྲིམས་འགལ་ཨིན་པའི་ སྙན་ཞུ་འབད་ཡོདཔ་ད་ གནད་དོན་༡༤༥ དེ་ སྙན་ཞུ་མ་འབད་བས་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡི། 

བློན་པོ་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ སྙན་ཞུ་མ་འབད་མི་དེ་ གཙོ་བོ་ར་ ནང་ཁ་ནང་འགྲིགས་ ཡང་ཅིན་ གཉེན་རྐྱབ་སྡོད་མི་ ཡང་ཅིན་ གསང་བའི་ཐོག་ལས་ ལོ་ན་མ་ལང་ཚུན་ དགའ་མཐུན་སྦེ་ སྡོད་ཡོདཔ་བཟུམ་འདུག་ཟེར་ཨིན་པས།

ལོ་ན་མ་སྨིན་མི་དང་ གཉེན་བསྡོམས་མི་དེ་ ཁྲིམས་འགལ་ཨིནམ་ལས་ རྨགཔ་དང་ ཡང་ཅིན་ ཨ་ལོའི་ཨ་པ་དེ་ བཙོན་ཁྲིམས་འབག་སྡོདཔ་ད་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ ཆ་རོགས་འབད་མ་ཚུགས་པའི་ དཀའ་ངལ་དང་ མི་སྡེ་དང་ གསོ་བ་ལུ་ཡང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ལེ་ཤ་འདུག་ཟེར་ བློན་པོ་གིས་ཞུ་ཡི།

ཉེན་སྐྱོབ་ཐབས་ལམ།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ གསོ་བ་ལྷན་ཁག་༢ མཉམ་རུབ་ཐོག་ལས་ གྲོང་གསེབ་ཚུ་ནང་ ན་གཞོན་ཚུ་ལུ་ ཆ་རོགས་དང་ ཞབས་ཏོག་ཞུ་ནིའི་དོན་ལུ་ རྫོང་ཁག་༢༠ ནང་ ཨམ་སྲུ་དང་ ཨ་ལོའི་ཚོགས་ཆུང་རེ་ གཞི་བཙུགས་འབད་དེ་ཡོདཔ་ལས་ རྫོང་ཁག་གིས་ འགོ་དཔོན་ཅིག་ གདམ་འཐུ་འབད་དགོཔ་ཨིན་པས།

སྨན་ཁང་༡༡ དེ་ཅིག་ནང་ ན་གཞོན་དང་ ཨམ་སྲུ་ཚུ་ལུ་ རྒྱབ་སྐྱོར་གྱི་ སྨན་ཁང་སྦེ་ ངོས་ལེན་འབད་དེ་ཡོད་ཟེར་ཨིནམ་ད་ ཨ་ལོ་ཆགས་ཏེ་ཡོད་པ་ཅིན་ སྨན་ཁང་གིས་ སྨན་བཅོས་འབད་ནི་དང་ སྨན་བཟའ་ནི་ གཟུགས་སྟོབས་སྒྲིང་སྒྲི་སྦེ་ སྡོད་ཐབས་དང་ ཨ་ལོའི་དོན་ལུ་ སྨན་བཅོས་འབད་ནི་མ་གཏོགས་ ཁྲིམས་སྲུང་འགག་པ་བཟུམ་སྦེ་ སྙན་ཞུ་ལྷོདཔ་ཅིག་ འཛིན་བཟུང་འབད་དེ་ དོ་དམ་ལུ་བཞག་ནི་མེན་ཟེར་ བློན་པོ་གིས་ ཞུ་ཡི།

གསོ་བའི་ཁ་ཐུག་ལས་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ གསོ་བ་ལྷན་ཁག་གིས་ ཤེས་རིག་དང་གཅིག་ཁར་ སློབ་གྲྭ་ག་རའི་ནང་ གསོ་བའི་སློབ་དཔོན་ཅིག་ངོས་འཛིན་འབད་དེ་ ལུས་འབྲེལ་དང་འབྲེལ་བའི་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།

ཁྲོམ་ཚོགས་ཚུ་ནང་ཡང་ གསོ་བའི་ཞབས་ཏོག་ལྟེ་བ་གཞི་བཙུགས་འབད་མི་གིས་ མི་མང་ལུ་ གསོ་བའི་ཞབས་ཏོག་ ག་ཅི་བཟུམ་དགོ་རུང་ གསང་བའི་ཐོག་ལས་ མཁོ་སྤྲོད་འབད་དེ་ར་ཡོད་ཟེར་ཨིན་པས།

མོང་སྒར་གྱི་ འཐུས་མི་བསོད་ནམས་དཔལ་འཛོམས་ཀྱིས་ ཞུ་མིའི་ནང་ ན་ཆུང་བུམོ་ཚུ་ ཨ་ལོ་ཆགས་མི་ལུ་བརྟེན་ མི་སྡེ་ལུ་ དཀའ་ངལ་དང་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ལུ་ ཁྲིམས་མཐུན་ཨིན་རུང་ ཁྲིམས་འགལ་གྲངས་སུ་ཚུདཔ་ད་ སྟབས་མ་བདེཝ་སྦོམ་འདུག་ཟེར་ཨིན་པས།

ཨ་ལོ་དང་ཨམ་སྲུ་ཚུ་ལུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ སྒྲིག་གཞི་ལ་སོགས་པ་ཚུ་ཡོད་རུང་ ཁྲིམས་མཐུན་ཐོག་ལས་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཞུ་ཡི།

སྤྱི་ལོ་༢༠༢༠ ལུ་ར་ ལོ་ན་མ་སྨིན་པར་ ཨ་ལོ་ཆགས་མི་༡༣༣ ཡོད་རུང་ སྙན་ཞུ་འབད་མི་དེ་༢༤ ལས་བརྒལ་མེདཔ་ལས་ ཚ་གྱང་ལང་དགོཔ་འདུག་ཟེར་ཨིནམ་ད་ འདོད་སྤྱོད་འབད་མི་དེ་ རང་གི་ཨ་ཁུ་དང་ སྤུན་ཆ་ཚུ་གིས་ འབད་ཡོདཔ་ལས་ ཁྲིམས་སྒྲིང་སྒྲི་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡི།

ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༨༣ པ་དང་འཁྲིལ་ སྐྱེས་ལོ་༡༢ དང་༡༨ བར་ན་འབད་མི་ བཙན་གཡེམ་འབད་མི་དང་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ ཨ་ལོ་ཆགས་པའི་ རྩོད་དོན་ལེ་ཤ་ཅིག་ར་ ཁྲིམས་འདུན་ལུ་ ཐུག་པའི་སྐབས་ སྐྱེས་ལོ་༡༨ འབད་མི་ཅིག་གིས་ བུམོ་ལོ་ན་མ་སྨིན་པ་དང་མཉམ་ མོས་མཐུན་ ཡང་ཅིན་ བང་བཙོང་དབང་བཙོང་ ཡང་ཅིན་ ཕམ་ཚུ་གིས་ ཆུང་གཉེན་བཏགས་ཡོད་རུང་ སྐྱེས་ལོ་༡༢ མན་ཆད་ཀྱི་བུམོ་དང་གཅིག་ཁར་ཨིན་པ་ཅིན་ ལོ་༡༥ དང་ཚེ་བཙོན་གྱི་བར་ན་ ཁྲིམས་སྨིན་དགོ་པས་ཟེར་ཞུ་ཡི།

རང་གི་ཨ་ལོ་དང་ སྤུན་ཆ་ བདག་འཛིན་འབད་མི་གིས་ བང་བཙོང་དབང་བཙོང་མེན་པར་ སྐྱེས་ལོ་༡༢ མན་ཆད་འབད་མི་ལུ་ ལུས་འབྲེལ་འབད་བ་ཅིན་ དབྱེ་རིམ་དང་པའི་ཉེས་ཁྲིམས་ལོ་༡༥ ལས་ཚེ་བཙོན་བཀལ་དོ་ཟེར་ཨིན་པས།

སྐྱེས་ལོ་༡༢ དང་༡༨ ཀྱི་བར་ན་འབད་མི་དང་ ལུས་འབྲེལ་དེ་ བཙན་གཡེམ་ ཡང་ཅིན་ མོས་མཐུན་ཐོག་ལས་འབད་དེ་ ཨ་ལོ་ཆགས་པ་ཅིན་ དབྱེ་རིམ་༢ པའི་ཉེས་ཁྲིམས་ ལོ་༩ ལས་༡༥ འི་བར་ན་ བཙོན་ཁྲིམས་ཕོག་ཟེར་ཨིན་པས།

བློན་པོ་གིས་ ཞུ་མིའི་ནང་ མི་སྟོབས་ཐེབས་བཙུགས་ནི་ལུ་ དཀའ་ངལ་དང་ སྡོད་ཁང་ལེ་ཤ་རྐྱབ་དགོཔ་ཡོད་རུང་ ལག་ལེན་འཐབ་མ་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *