ལོ་ན་མ་སྨིན་པའི་བུམོ་ ལུས་འབྲེལ་འབད་མི་དོགས་ཅན་བཟུང་ཡོདཔ།

༉ ཧཱ་དགའ་སྐྱིད་གླིང་ལུ་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༤ ཡན་ཆད་འབད་མི་ བུམོ་ཅུང་ཅིག་དང་གཅིག་ཁར་ ལུས་འབྲེལ་འབད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ རང་རྩི་ལུ་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་མི་ཨིནམ་ད་ ཁོ་གིས་ སྐྱེས་ལོ་༡༤ ལང་མི་ བུམོ་དེ་དང་གཅིག་ཁར་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཁོ་རའི་གཡུས་ ཕུད་རྩེ་ན་ཟེར་སར་ བྱོག་སོང་ཡོདཔ་སྦེ་ཨིན་པས།
སྐྱེས་ལོ་༡༤ ལང་མི་ བུམོ་ཅུང་དེ་ སློབ་རིམ་༤ པའི་ སློབ་ཕྲུག་ཨིནམ་ལས་ མོ་གིས་ གནམ་བྱཱར་གྱི་ ངལ་གསོ་མཇུག་བསྡུ་ཞིནམ་ལས་ ལོག་སློབ་གྲྭ་ནང་ འོང་ནི་མེད་པར་ སློབ་གྲྭའི་བདག་སྐྱོང་གིས་སྦེ་ རྫོང་ཁག་ཤེས་རིག་འགོ་དཔོན་དང་ རྫོང་བདག་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྤ་རོ་གི་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གོངམ་ དམག་སྲིད་པ་སངས་རྡོ་རྗེ་གིས་འབད་བ་ཅིན་ གཡུས་ཁའི་མི་སེར་དང་ བུམོ་དེ་གི་ ཕམ་ཚུ་གིས་ཡང་ མོ་གིས་ ཕོ་སྐྱེས་དེ་དང་གཅིག་ཁར་ སོང་ཡོདཔ་སྦེ་ ཤེས་ཡོདཔ་བཞིན་དུ་ ཁོང་ལུ་ཡང་ སྡོང་ཟླ་དང་རྒྱུད་བསྐུལ་འབད་ཡོད་པའི་ ཉེས་འཛུགས་ཕོག་ནི་མས་ཟེར་ཨིན་པས།
དམག་སྲིད་པ་སངས་རྡོ་རྗེ་གིས་ བཤད་མིའི་ནང་ དོགས་ཅན་ཕོ་སྐྱེས་དེ་གིས་ ཁོང་གཉིས་ཀྱི་བར་ན་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་རུང་ བུམོ་དེ་ ལོ་ན་མ་སྨིན་པ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ ཁྲིམས་འགལ་སྦེ་ར་ བརྩི་འཇོག་འབད་དགོ་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༨༣ པ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ སྐྱེས་ལོ་༡༢ ལས་༡༨ ཚུན་འབད་མི་ བྱིས་པ་ལུ་ འཁྲིག་སྤྱོད་ཀྱི་བྱ་སྤྱོད་ གང་རུང་འཐབ་པ་ཅིན་ རྩོད་ཟླ་དེ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིན་པར་ བརྩི་དགོ་ཟེར་ འཁོད་དེ་འདུག།
ཨིན་རུང་ བྱིས་པ་སྐྱེས་ལོ་༡༦ ལས་ ཡན་ཆན་འབད་མི་ཚུའི་བར་ན་ མོས་མཐུན་ཐོག་ལས་ འཁྲིག་སྤྱོད་འབད་འབདཝ་ཨིན་པ་ཅིན་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་ནི་མེད་ཟེར་ཨིན་པས།
དེ་འབདཝ་ལས་ སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་གནོད་འགེལ་དེ་ དབྱེ་རིམ་༢ པའི་ཉེས་ཆེན་སྨིན་དགོཔ་སྦེ་ འཁོད་དེ་འདུག།
དམག་སྲིད་པ་སངས་ཀྱིས་ འབད་བ་ཅིན་ དེ་བཟུམ་མའི་ ཁྲིམས་འགལ་གྱི་ བྱ་ངན་དེ་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ མཐའ་ཟུར་གཡུས་ཚན་ མང་ཤོས་ཅིག་ནང་ ཁྲིམས་དང་ ལམ་ལུགས་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ ལེགས་ཤོམ་སྦེ་ མ་ཐོབ་ནི་དེ་གིས་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *