སཱུན་ཀོཤ་ལུ་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་།

ལོ་ངོ་༢༠ ལྷགཔ་ཅིག་གི་ཤུལ་ལས་ སཱུན་ཀོཤ་ཁྲོམ་ ལེགས་བསྒྱུར་འགྱོ་དོ་ཡོདཔ།

༉ ལོ་བཅུ་ཕྲག་༢ ལྷགཔ་ཅིག་གི་ཤུལ་ལས་ དར་དཀར་ནང་ སཱུན་ཀོཤ་ཁྲོམ་དེ་ ལེགས་བསྒྱུར་འགྱོ་དོ་ཡོད་མི་དེ་ཡང་ ཧེ་མའི་གནས་སྐབས་ཀྱི་སྡོད་ཁྱིམ་ཚུ་ བཤིག་བཏང་ཐོག་ལས་ གཏན་འཇགས་ཀྱི་ སྡོད་ཁྱིམ་གསརཔ་ཚུ་ རྐྱབ་དོ་ཡོད་མི་ལུ་བརྟེན་ཨིན་པས།
ས་གནས་ནང་སྡོད་མི་ཚུ་ སེམས་དགའ་སྟེ་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་དོ་ཡོད་རུང་ ཕྱོགས་གཅིག་ལས་འབད་བ་ཅིན་ སྐྱེས་ལོ་༦༩ ལང་མི་ དེ་བི་ཅ་རཱན་ ཨུ་པི་རི་ཏི་གིས་ སྒྲིང་ཁྱིམ་རྐྱབ་ནི་དེ་ སྡུག་བསྔལ་ཅིག་སྦེ་ མཐོང་དོ་ཡོདཔ་ཨིན་པས།
སཱུན་ཀོཤ་ཁྲོམ་གྱི་ སའི་ཇོ་བདག་༡༥ དེ་ཅིག་གིས་ སྒྲིང་ཁྱིམ་རྐྱབ་དོ་ཡོད་རུང་ དེ་བི་ཅ་རཱན་ ཨུ་པི་རི་ཏི་དེ་ སྡོད་ཁྱིམ་མེད་པར་ ལུས་ནི་ཨིན་མི་དེ་ཡང་ རྫོང་ཁག་བདག་སྐྱོང་ལས་ གཞུང་སའི་ནང་ གནས་སྐབས་ཀྱི་ སྡོད་ཁྱིམ་རྐྱབ་ཡོད་མི་ཚུ་ བརྡལ་དགོ་པའི་ བཀའ་རྒྱ་ཐོབ་མི་ ཁོང་༡༦ གི་གྲས་ལས་༡ ཁོ་འབད་ནི་དེ་གིས་ཨིན་པས།
དེ་ཁར་སྡོད་མི་༡༥ གིས་ ཁྲོམ་ནང་ས་ཐོབ་ཡོད་རུང་ དེ་བི་ཅ་རཱན་ ཨུ་རི་པི་ཏི་གིས་ ཁོ་གི་གནས་ཚང་གི་ མིང་ཐོ་ཁར་ཡོད་མི་ ཁྲམ་དེ་ ཐོ་བཀོད་འབད་མ་ཚུགསཔ་ལས་ ས་མ་ཐོབ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་གིས་ ས་ཉོ་སྟེ་ གནས་སྐབས་ཀྱི་ སྡོད་ཁྱིམ་རྐྱབ་པའི་ཤུལ་ལས་ སྤྱི་ལོ་༡༩༨༥ ལུ་ རྩི་རང་ལས་ གནས་སྤོ་འོང་ཡི་ཟེར་ཨིན་པས།
དེ་བི་ཅ་རཱན་ ཨུ་རི་པི་ཏི་གིས་ སླབ་མིའི་ནང་ ཁོ་གི་ཁྱིམ་དེ་ བརྡལ་གཏང་དགོ་པའི་ བཀའ་རྒྱ་ཐོབ་ཅི་ཟེར་ཨིན་རུང་ ཁྲོམ་ནང་ ས་བགོ་བཀྲམ་མ་ཐོབ་ཟེར་ཨིནམ་ད་ ཁོ་ལུ་ རྒྱུ་དངོས་ཟེར་རུང་ ས་ཆ་ཌེ་སི་མལ་༥ ནང་ རྐྱབ་ཡོད་མི་ ཁྱིམ་དེ་ཨིནམ་ལས་ ཁྱིམ་དེ་ བརྡལ་གཏང་པ་ཅིན་ འགྱོ་ས་ག་ཏེ་ཡང་ མེད་ཟེར་ཨིན་པས།
ཁོ་གི་ ས་དང་ཁྱིམ་མེད་པའི་ གནད་དོན་དེ་ རྒེད་འོག་བདག་སྐྱོང་ནང་ བཙུགས་ཡོདཔ་ད་ རྒེད་འོག་གིས་ རྫོང་ཁག་བདག་སྐྱོང་ལུ་ ཕུལ་ཡོདཔ་ལས་ ཞིབ་དཔྱད་འབད་དེ་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ལུ་ བཏང་ཡོདཔ་བཞིན་དུ་ ཁོ་གིས་ ས་ཚབ་གནང་དགོཔ་དང་ ཡང་ཅིན་ ཁྲོམ་འཆར་གཞིའི་ནང་ ཚུད་ནི་མེདཔ་ཅིག་ མཛད་གནང་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཚང་ཁ་རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབདཝ་ད་ དེ་བི་ཅ་རཱན་ ཨུ་པི་རི་ཏི་ལུ་ རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ལུ་ཡང་ ས་མེད་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ཁོ་གི་ ཞུ་བ་དེ་ རྫོང་ཁག་ནང་ བཏང་ཡོདཔ་བཞིན་དུ་ རྫོང་ཁག་གིས་ ས་འཇལ་ལྷན་ཚོགས་ལུ་ བཏང་ནུག་ཟེར་ ཚང་ཁ་རྒཔོ་ ཏའུ་ལ་གིས་ བཤདཔ་ཨིན་པས།
ཁྲོམ་འཆར་གཞི་དེ་ གྲུབ་འབྲས་ལེགས་ཤོམ་ བྱུང་དོ་ཡོདཔ་ལས་ སའི་ཇོ་བདག་མང་ཤོས་ཅིག་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཡོད་པའི་ཁར་ ལ་ལོ་ཅིག་གིས་ བཟོ་སྐྲུན་གྱི་དོན་ལུ་ རྡོ་དང་བྱེམ་ རྩི་ས་ལ་སོགས་པའི་ མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་དོ་ཡོདཔ་ད་ གྲོང་གསེབ་ཀྱི་ ཁྲོམ་ཅིག་འབདཝ་ལས་ སའི་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་ཐོག་ཚད་༢ རེ་ རྐྱབ་ཆོག་ནི་ཨིནམ་བཞིན་དུ་ ཁོང་ལུ་ ས་ཆ་ཨིསི་ཀོ་ཡར་ཕིཌ་༡,༡༦༧ རེ་ ཡོདཔ་ཨིན་པས།
སའི་ཇོ་བདག་ཅིག་ཨིན་མི་ སྐྱེས་ལོ་༦༩ ལང་མི་ རིག་འཛིན་དབང་ཕྱུག་གིས་ སྒྲིང་ཁྱིམ་དེ་ དུས་ཅི་ལོ་མཇུག་བསྡུཝ་ད་ སྒྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་རུང་ བགོ་བཀྲམ་འབད་ཡོད་པའི་ ས་ཆའི་ནང་ ག་དེ་སྦེ་ བཙོག་མཛོད་རྐྱབ་ནི་ཨིན་ནའི་ ཚ་གྱང་ཡོདཔ་ད་ ས་ཆ་དེ་ ཧེ་མ་ལས་ ཆུང་ཀུ་ཡོད་པའི་ཁར་ བཚོག་མཛོད་རྐྱབ་པ་ཅིན་ ཧེང་སྐལ་ར་ ཆུང་ཀུ་འགྱོ་འོང་ཟེར་ཨིན་པས།
སའི་ཇོ་བདག་ཚུ་གིས་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་ལུ་ ཁོང་གིས་ བཙོག་མཛོད་ཚུ་ བགོ་བཀྲམ་འབད་ཡོད་པའི་ ས་ཆའི་ཕྱི་ཁར་ རྐྱབ་ཆོགཔ་སྦེ་ ཆ་འཇོག་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
རྒཔོ་ཏའུ་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་སའི་ནང་ སྡོད་མི་ཚུ་ ཧེ་མ་ལས་ སྟོངམ་བཏོན་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ གཞུང་སའི་ནང་ རྐྱབ་ཆོག་པའི་ གནང་བ་བྱིན་མི་ཚུགས་ཟེར་ ཨིནམ་མ་ཚད་ སའི་བཅའ་ཁྲིམས་ཀྱིས་ཡང་ གནང་བ་མི་གནང་ཟེར་ཨིན་པས།
གཞུང་སའི་ནང་ རྐྱབ་ཡོད་མི་ སྡོད་ཁྱིམ་ནང་སྡོད་ནིའི་ དང་འདོད་ཡོད་མི་ སའི་ཇོ་བདག་ལ་ལོ་ཅིག་ལས་ ཞུ་བ་ལོག་ཅི་ར་ ལྷོད་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་གིས་ ཁོང་གིས་ སྡོད་ཆོག་པའི་ དུས་ཚོད་དེ་ དུས་ཅི་སྤྱི་ཟླ་༡༠ པ་ཚུན་ ཕར་འགྱངས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *