ལོ་༦ དེ་ཅིག་གི་ཧེ་མར་ ཕྱི་རྒྱལ་ལུ་ དཔེ་ཆ་ལྷབ་པར་སོང་བའི་ཤུལ་ལས་ གར་སོང་མེད་པའི་ཚ་གྱང་།

༉ བསམ་རྩེ་རྫོང་ཁག་ པདྨ་གླིང་རྒེད་འོག་ ནོར་རྒྱས་གླིང་ལས་ མཱན་དོཤ་ག་ལེ་གི་ བུ་རྒས་ཤོས་དེ་ སྤྱི་ལོ་༢༠༡༢ ལུ་ ཕྱིའི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་སོང་བའི་ཤུལ་ལུ་ ད་ལྟོ་ཡང་ ལོག་འོང་ནི་མེདཔ་ལས་ ཚ་གྱང་ལང་སྟེ་འདུག།
ཁོ་གིས་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ལུ་ཡང་ ཁོ་གི་བུ་དེ་ སྤྱི་ལོ་༢༠༡༢ ལུ་ ཤྲི་ལངྐ་ལུ་ གཞུང་གི་སློབ་གཉེར་གྲོགས་རམ་ཐོབ་སྟེ་ སོང་བའི་ཤུལ་ལས་ ད་ལྟོའི་བར་ན་ཡང་ ཁྱིམ་ནང་ ལོག་འོང་ནི་མེདཔ་མ་ཚད་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགསཔ་ལས་ ཚ་གྱང་ལང་བའི་ ལོ་རྒྱུས་ཚུ་བྲིས་ནུག།
ཀུན་གསལ་གྱིས་ དཱལ་བྷ་དུར་ག་ལེ་གི་ཨ་པ་ མཱན་དོཤ་ག་ལེ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཁོ་གིས་འབད་བ་ཅིན་ ཁོ་གི་བུ་དེ་ སྤྱི་ལོ་༢༠༡༢ ནང་ རྒྱལ་ཁབ་ནང་ལས་ སོང་བའི་ཤུལ་ལུ་ སྤྱི་ལོ་༢༠༡༦ ལུ་ ཚར་གཅིག་ གཡུས་ཁར་ ཕམ་དང་སྤུན་ཆ་ཚུ་འཕྱད་པར་ འོང་ཡི་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༦ གི་ ལོ་མཇུག་ཚུན་ ཁོ་གི་འགྲུལ་འཕྲིན་ཨང་གྲངས་དང་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ཐོག་ལས་ འབྲེལ་བ་འཐབ་ཚུགས་རུང་ ཁོ་དང་གཅིག་ཁར་ འབྲེལ་བ་མ་འཐབ་པར་ ལོ་གཅིག་ལྷགཔ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
དེ་བསྒང་ བུ་དེ་གིས་ ཁོ་ར་སློབ་གཉེར་གྲོགས་རམ་ཐོབ་སྟེ་ ཕྱི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་འགྱོཝ་ཨིན་ཟེར་ སླབ་པའི་སྐབས་ ཁོང་བཟའ་ཚང་ཚུ་ སེམས་དགའ་སྟེ་ ཁོ་སྡོད་སར་འགྱོ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་༣༠,༠༠༠བསྐྱལ་བཏང་ཡོད་རུང་ ད་ལྟོ་ གནས་སྟངས་དེ་བཟུམ་ཅིག་ལུ་ཐུག་པའི་ མནོ་བསམ་མ་བཏང་ཟེར་ཨིན་པས།
ཕམ་ཚུ་ སོ་ནམ་པ་འབད་ནི་དེ་གིས་ ཁོ་གིས་ སློབ་གཉེར་གྲོགས་རམ་ཐོག་ལས་ ཕྱིའི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ སེམས་དགའ་ཡོདཔ་མ་གཏོགས་ རྒྱལ་ཁབ་ག་ཏེ་ལུ་ གཙུག་ལག་སློབ་སྡེ་ག་ཅི་ནང་ དཔེ་ཆ་ལྷབ་པའི་སྐོར་ལས་ དྲི་དཔྱད་འབད་ནི་གི་ མནོ་བསམ་མ་བཏངམ་མ་ཚད་ དེ་གི་སྐོར་ལས་ ཤེས་དགོ་ཟེར་ཡང་ མ་མནོ་བས་ཟེར་ཨིན་པས།
དེ་ལྟོ་ ཁོ་གི་སྐོར་ལས་ ལོ་རྒྱུས་ཚུ་ ག་ཅི་ཡང་གོ་ནི་མེདཔ་ལས་ གྲོགས་རམ་འཚོལ་གེ་ཟེར་མནོ་རུང་ ཁ་གསལ་ཚུ་ ག་ཅི་ཡང་ མ་ཤེས་ནི་དེ་གིས་ ལཱ་ཁག་བཏང་དོ་ཟེར་ཨིན་པས།
ཨཔ་དེ་གིས་ ངོ་ཤེས་མི་དང་ སྤུན་ཆ་ དཔེ་ཆ་ཤེས་མི་ཚུ་ལས་ གྲོགས་རམ་ལེན་ཏེ་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ ཡི་གུ་ག་དེམ་ཅིག་ བཏང་རུང་ ལན་གསལ་མེདཔ་མ་ཚད་ ཁོ་གི་ མིང་ཡང་ དཱལ་བྷ་དུར་ག་ལེ་ཟེར་མེན་པར་ ས་ཧིན་ག་ལེ་ཟེར་ བཙུགས་ཡོད་པའི་ལོ་རྒྱུས་གོ་ཡོདཔ་མ་ཚད་ ཁོ་ར་སྡོད་ས་དེ་ཡང་ སི་ཀིམ་གེང་ཊོག་ཟེར་ བཙུགས་ཏེ་འདུག་ཟེར་ བཤདཔ་ཨིན་པས།
མཱན་དོཤ་ག་ལེ་གིས་འབད་བ་ཅིན་ ཁོ་གི་བུ་དེ་ ནམ་ཅིག་གི་ཚེ་ ལོག་འོང་པའི་རེ་བ་ བསྐྱེད་དོ་ཟེར་ཨིནམ་ད་ བུ་དེ་ སྐྱེས་ལོ་༢༩ དེ་ཅིག་ ལང་ཡོདཔ་མ་ཚད་ ཨ་ལོ་༣ ཡོད་ས་ལས་ རྒས་ཤོས་ར་ ཁོ་ཨིན་ཟེར་ཨིན་པས།
ཨིན་རུང་ ན་ལོན་དང་མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཨཔ་དེ་གིས་ སྤྱི་ཟླ་༤ པའི་ཚེས་༢ ཀྱི་ཚེ་ མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ ཁོ་གི་བུ་དེ་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལས་ ཤྲི་ལངྐ་ལུ་ བཏང་ཡོདཔ་སྦེ་མཐོངམ་ཅིག་ ཁོང་གིས་ དེ་འཕྲོ་ལས་ འགྲུལ་འཕྲིན་ཨང་གྲངས་ བྱིན་ཏེ་ཡོད་མི་ནང་ འབྲེལ་བ་འཐབ་ཅི་ཟེར་ཨིན་པས།
ཨ་པ་དང་གཅིག་ཁར་ བློ་སླབ་པའི་བསྒང་ལས་ གཞུང་གིས་སློབ་གཉེར་གྲོགས་རམ་སྦེ་བཏང་ཡོདཔ་ གཏན་འཁེལ་མེདཔ་མ་ཚད་ གཙུག་ལག་སློབ་སྡེ་ཚུ་གི་ ཁ་གསལ་ཚུ་ཡང་ ག་ཅི་ཡང་མི་ཤེས་པས་ཟེར་ཨིན་པས།
དེ་ལས་ ཁོང་གིས་ དེ་འཕྲོ་ལས་ སློབ་གཉེར་གྲོགས་རམ་བཏང་ཡོད་མི་གི་ གནས་སྡུད་ནང་ལྟ་རུང་ གཞུང་གིས་ དཱལ་བྷ་དུར་ག་ལེ་དེ་ ཤྲི་ལངྐ་ལུ་ མ་བཏང་པས་ཟེར་ཨིན་པས།
གཞུང་གིས་ སློབ་གཉེར་གྲོགས་རམ་ཐོག་ལས་ བཏང་བཏངམ་ཨིན་པ་ཅིན་ ཨ་ལོ་དེ་ ཨིན་ཅི་མིན་ཅི་ དཔེ་ཆ་ལྷབ་ཚར་བའི་ཤུལ་ལུ་ ལོག་རྒྱལ་ཁབ་ནང་ འོང་མ་འོང་ལྟ་རྟོག་འབད་འོང་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་གཉེར་གྲོགས་རམ་ཐོག་ལས་ འགྱོ་འགྱོཝ་མེན་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ འཁོད་མི་དང་འཁྲིལཝ་ད་ བུཚ་དེ་ སློབ་རིམ་༡༢ པ་ཚུན་ ཐིམ་ཕུག་དབྱངས་ཅན་ཕུག་ལུ་ དཔེ་ཆ་ལྷབ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༢ ལས་ ཕྱི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་སོང་བའི་ཤུལ་ལུ་ ལོག་མ་ལྷོདཔ་ལས་ མི་ཚུ་གིས་ གནས་ཚུལ་དེ་ ག་དེ་དྲག་དྲག་བཀྲམ་སྤེལ་འབད་དེ་ ཕམ་ཚུ་ལུ་ གནས་ཚུལ་བཟང་པོ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *