བཀྲིས་ཆོས་རྫོང་གི་རྡོ་གཅལ་ནང་ ལྷམོ་གཙོ་མོའི་ སྐུ་འཆམ་གྱི་མཇལ་ཁ་གནང་པའི་བསྒང་།

ལོ་༢ ཀྱི་རྒྱབ་ལས་ ཐིམ་ཕུག་སྒྲོམ་མཆོད་མཇལ་ནིའི་ གོ་སྐབས་ཐོབ་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ སྒྲོམ་མཆོད་ཟེར་ བྱིན་རླབས་ཅན་གྱི་ ལྷ་མོ་གཙོ་མོའི་སྐུ་འཆམ་ མཇལ་ཁ་གནང་སར་ དད་ཅན་གྱི་མི་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།

སྐྱེས་ལོ་༨༠ ལང་མི་ ཚེ་དབང་དང་ སྐྱེས་ལོ་༧༨ ལང་མི་ བསྟན་འཛིན་དབང་ཕྱུག་༢ ཀྱིས་ སླབ་མིའི་ནང་ ཁ་ཙ་ ཚེ་ལས་འདས་སོ་པ་ཅིན་ བྱིན་རླབས་ཅན་གྱི་ སྒྲོམ་མཆོད་ཀྱི་སྐུ་འཆམ་ཚུ་ མཇལ་ཁ་ཞུ་མ་ཚུགསཔ་འོང་ཟེར་ཨིན་པས།

འདས་པའི་ལོ་ཚུ་ནང་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ གནས་སྟངས་ཚབས་ཆེན་ཅིག་ལུ་ གྱུར་ཡོད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་བསོད་དབང་ཐང་དང་ གྲྭ་ཚང་འཕགསས་པའི་དགེ་འདུན་ཚུ་གིས་ སྨན་བཅོས་རིམ་གྲོ་ཚུ་ འབད་མི་ལུ་བརྟེན་ གླགས་ཁེལ་མ་ཚུགས་ཟེར་ཨིན་པས།

བསམ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལས་ རྒན་ཤོས་༢ སྤྱི་ལོ་༢༠༢༠ ལུ་ སྨན་བཅོས་འབད་བར་ ཐིམ་ཕུག་ལུ་ ལྷོད་ཞིནམ་ལས་ ནད་ཡམས་ཀྱིས་ ད་ལྟའི་བར་ན་ཡང་ ལོག་གཡུས་ཁར་འགྱོ་མ་ཚུགས་པར་ ཨ་ལོ་ཚུ་དང་གཅིག་ཁར་ ཐིམ་ཕུག་ལུ་སྡོད་ཡོདཔ་ད་ ཁོང་༢ ཀྱིས་ ཐིམ་ཕུག་སྒྲོམ་མཆོད་དང་ ཚེས་བཅུ་ཉིནམ་༣ ཡོངས་རྫོགས་མཇལ་ཞིནམ་ལས་ གཡུས་ཁར་འགྱོ་ནིའི་རེ་བ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ བཀྲིས་སྒང་ལས་ ཚེ་སྒྲོན་ལྷ་མོ་དང་ བཟའ་ཚང་ཚུ་གིས་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ བཀྲིས་ཆོས་རྫོང་ནང་འོང་ཞིནམ་ལས་ ཉིན་མར་ སྐུ་འཆམ་མཇལ་ནིའི་དོན་ལུ་ ས་གོ་བཟུང་པར་འོང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ འདས་པའི་ལོ་༢ ཚུན་ ལྷ་མོ་གཙོ་མོའི་སྐུ་འཆམ་ཚུ་ མཇལ་མ་ཚུགས་ནི་དེ་གིས་ ད་རེས་ སག་ལང་སྟེ་འོང་ཡི་ཟེར་ཨིན་པས།

དཔལ་ལྡན་ལྷ་མོའི་བྱིན་རླབས་ཞུ་ནིའི་དོན་ལུ་ སྤ་རོ་ལས་འོང་མི་ སྐལ་བཟང་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་གི་སྲུང་མའི་སྐུ་འཆམ་ཚུ་ མཇལ་ཚུགས་པ་ཅིན་ ལོ་༡ གི་རིང་ ལུས་སེམས་ལུ་ བདེ་སྐྱིད་དང་ལྡན་ དཔལ་འབྱོར་ཕུན་སུམ་ཚོགས་ཏེ་ སྡོད་ཚུགས་ནི་དེ་གིས་ བཟའ་ཚང་ཚུ་དང་མཉམ་ བདུན་ཕྲག་གི་སྔོན་ལས་འོང་སྟེ་ བསྒུགས་སྡོད་ཅི་ཟེར་ཨིན་པས།

ལཱ་དང་བྱ་བ་ འཆར་གཞི་ཚུ་ ག་ཅི་ར་བརྩམས་རུང་ གྲུབ་འབྲས་འབྱུང་མ་ཚུགསཔ་ལས་ ཁ་ཙ་ སྨོན་ལམ་བཏབ་པར་འོང་ཡོདཔ་སྦེ་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་ ན་གཞོན་སྡེ་ཚན་ཅིག་གིས་ སླབ་མིའི་ནང་ དཔལ་ལྡན་འབྲུག་པའི་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལཝ་བཏབ་ནི་དང་ དངོས་གྲུབ་ཞུ་ནིའི་དོན་ལུ་ དྲོ་པར་ཧ་སག་ བཀྲིས་ཆོས་རྫོང་ནང་ འོང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལས་ སྐུ་འཆམ་ཚུ་ མཇལ་ཁ་གནང་ནི་འགོ་བཙུགས་མི་དེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ མཇུག་བསྡུ་ཡོདཔ་ད་ དེ་ཡང་ ལྷ་མོ་རེ་མ་ཏི་གིས་ སྣ་ཁྲིད་འབད་དེ་ ལྷ་མོ་མཆེད་བཞི་དང་ སྒོ་མ་བཞི་ གདོང་ཅན་བརྒྱད་ དཔལ་ལྡན་ལྷ་མོ་གཙོ་མོའི་ཕྱག་ཞུ་སྟེ་ འགུགས་བྱེད་དང་ གསོད་བྱེད་གསུམ་བཅས་ཀྱི་ སྐུ་འཆམ་ཚུ་ སྤྱན་འབུལ་ཞུ་ཡི།

སྐུ་འཆམ་ཚུ་ཡང་ གཞུང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ གནང་ཡོདཔ་བཞིན་དུ་ དྲོ་པར་ སྐུ་མགྲོན་ཚུ་ བྱོན་པ་ལེགས་སོ་དང་ གཞན་ཡང་ ཐུགས་སྤྲོའི་གླུ་གཞས་ཚུ་ རྒྱལ་གཞུང་འཆམ་དང་ཟློས་གར་ལྟེ་བའི་ སྦྱོང་བརྡར་བ་ཚུ་གིས་ སྤྱན་འབུལ་ཕུལཡོདཔ་ད་ དེ་ཡང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ དངོས་མཐོང་ལས་རིམ་སྦེ་ འབྲུག་རྒྱལ་ཁབ་ཀྱི་མི་སེར་དང་ ལྷག་པར་དུ་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གསལ་སྟོན་འབད་ཡི།

ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ འགོ་བཙུགསཔ་དང་འབྲེལ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བཀྲིས་རྡོ་རྗེ་གིས་གཙོས་པའི་ ཁྲི་འཛིན་འོགམ་དང་འཐུས་མི་ཚུ་གིས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་མདུན་ལུ་ བཀྲིན་ལེགས་སྨོན་གྱི་ འབུལ་བ་ཕུལ་ཡོདཔ་ཨིན་པས། 

འབུལ་བ་ཕུལ་དགོ་མི་དེ་ཡང་ དཔལ་ལྡན་འབྲུག་པའི་བཀའ་སྲུང་ དཔལ་ལྡན་ལྷ་མོ་ལུ་ བཀྲིན་རྗེས་སུ་དྲན་ནི་དང་ བསྟན་པའི་སྲོག་ཤིང་ གཞུང་གྲྭ་ཚང་གིས་ རྒྱལ་ཁབ་ཀྱི་བཀའ་སྲུང་ཚུ་ལུ་ དུས་རྒྱུན་དུ་གསོལ་བཏབ་ཞུ་བའི་ དགའ་ཚོར་གྱི་ གུས་བཏུད་ཞུ་ནིའི་དོན་ལུ་ཨིན་ཟེར་ སྙན་ཞུ་ཅིག་ནང་ བཀོད་དེ་འདུག།

རང་ལུགས་གནམ་ལོ་ཆུ་ཕོ་སྟག་ལོ་ ཟླ་༨ པའི་ཚེས་༤ ལུ་ ལོ་བསྟར་གནང་སྲོལ་ཡོད་མི་ ཉིན་གྲངས་༡༡ གི་རིང་ ལྷ་མོའི་སྒྲུབ་ཆེན་ མཇུག་བསྡུཝ་དང་འབྲེལ་ ཐིམ་ཕུག་སྒྲོམ་མཆོད་ འགོ་བཙུགས་ཡོདཔ་ཨིན་པས།  

རྩ་ཅན་གྱི་སྒྲུབ་ཆེན་དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྲས་ འཇམ་དཔལ་རྡོ་རྗེ་གི་སྤྲུལ་སྐུ་དང་པ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ སྤྱི་ལོ་༡༧༠༥ དང་༡༧༠༩ གྱི་བར་ན་ གཞི་བཙུགས་གནང་ཡོདཔ་ཨིན་པས།

ཐིམ་ཕུག་ཚེས་བཅུ་ ཉིནམ་༣ གྱི་རིང་ གནང་ནི་ཨིན་མི་ཡང་ སྤྱི་ཟླ་༡༠ པའི་ཚེས་༤ ལས་༦ ཚུན་གནང་ནི་ཨིནམ་ད་ དེ་ཡང་ གཤིན་རྗེ་སྐུ་འཆམ་དང་ གཏུང་རྔམ་འཆམ་ དེ་ལས་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ གནང་ནི་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ དཔལ་གླིང་གིང་གསུམ་གྱིས་གཙོས་པའི་ དཔའ་འཆམ་དང་ ཤ་བ་ཤ་ཁྱི་ ཕོ་ལེགས་མོ་ལེགས་ གིང་འཆམ་ སྐྱེལ་འཆམ་ རཀྴ་དམངས་འཆམ་ དེ་ལས་ ཐུགས་སྤྲོའི་ཞབས་ཁྲ་ཚུ་ གཞུང་གྲྭ་ཚང་དང་ རྒྱལ་གཞུང་འཆམ་དང་ཟློས་གར་ལྟེ་བའི་ འཆམ་དང་ཞབས་ཁྲ་རྐྱབ་མི་ཚུ་གིས་ སྤྱན་འབུལ་ཕུལ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *