༉ གཞུང་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ བསམ་རང་ལུ་ཡོད་པའི་ ལས་འགུལ་དེ་ སེམས་ཅན་སྲོག་གཅོད་ཁང་ མེན་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསལ་ཞུ་འབད་མིའི་ནང་ བསམ་རང་གི་ལས་འགུལ་དེ་ སེམས་ཅན་གྱི་སོན་ བཀྲམ་སྤེལ་འབད་སའི་ ས་གོ་མ་གཏོགས་ སྲོག་གཅོད་ཁང་མེནམ་ ངེས་བདེན་ཨིན་ཟེར་ཨིན་པས།
གནད་དོན་དེའི་ཐོག་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལུ་ དྲི་བཀོད་འབད་མི་དེ་ ད་རེས་འབདཝ་ད་ ཐེངས་༢ པ་ཨིནམ་ད་ ཁ་ཙ་ སོ་ནམ་བློན་པོ་གིས་ གསལ་ཞུ་འབད་མི་དང་འཁྲིལ་བ་ཅིན་ བསམ་རང་གི་ ས་གོ་དེ་ སེམས་ཅན་སྲོག་གཅོད་ཁང་མེན་ཟེར་མི་དེ་ ཁོ་ར་ ཤི་བའི་སྲོག་ལུ་ཐུག་རུང་ ཁས་ལེན་འབད་ཚུགསཔ་མ་ཚད་ བློན་པོ་དང་གཅིག་ཁར་ ཚོགས་ཁང་ནང་འོང་མི་ འགོ་དཔོན་༥ པོ་དེ་ཡང་ དཔང་པོ་སྦེ་བཙུགས་རུང་ མ་བཏུབ་མེད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ མ་བདེན་པའི་གཏམ་ཚུ་ལུ་ ཡིད་ཆེས་བསྐྱེད་ནི་མེན་པར་ ལྟ་ཞིབ་རེ་འབད་བལྟ་བ་ཅིན་ སྲོག་གཅོད་ཁང་ ཨིན་ན་མེན་ན་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ དྲི་བ་བཀོད་མི་ དབང་འདུས་ཀྱི་འཐུས་མི་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ ན་ཧིང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༡༥ པའི་ནང་ གནད་དོན་དེའི་ཐོག་ལུ་ སོ་ནམ་བློན་པོ་ལུ་ དྲི་བ་བཀོད་པའི་སྐབས་ སྲོག་གཅོད་ཁང་མེན་ཟེར་ ཞུ་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་དབུ་གཙོས་པའི་ འཐུས་མི་སྡེ་ཚན་ཅིག་ བསམ་རང་ལུ་ བརྟག་ཞིབ་འབད་བར་སོང་བའི་སྐབས་ སེམས་ཅན་སྲོག་གཅོད་ཁང་ཨིནམ་སྦེ་ ཧ་གོ་ཡི་ཟེར་ཨིན་པས།
དེ་ཡང་ གཞུང་གི་ འཆར་གཞི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ ཉ་ཤ་མེ་ཊིག་ཊཱོན་ ས་ཡ་༡.༣ དགོ་མི་དེ་ ཉ་ཕྲུག་སྦེ་ བཏོན་ནི་མེན་པར་ ཉ་ཤ་སྦེ་ བཏོན་དོ་ཡོདཔ་མ་ཚད་ ལོ་དེ་ནང་ བྱ་༤༥,༠༠༠ མཁོ་འདོད་བཀོད་མི་དེ་ཡང་ བྱམོ་གིས་ ལོ་གཅིག་རྐྱངམ་གཅིག་ སྒོང་རྡོག་འབུད་བའི་ཤུལ་ལས་ བྱམོ་དེ་ ཤའི་དོན་ལུ་ ལག་ལེན་འཐབ་ཐངས་ལུ་ བལྟ་བ་ཅིན་ ལས་འགུལ་དེ་ སོན་བཀྲམ་སྤེལ་ཁང་ཨིན་ཟེར་མ་གཏོགས་ དོན་ངོ་མ་ལུ་ སེམས་ཅན་སྲོག་གཅོད་ཁང་ར་ ཨིན་མས་ཟེར་ཞུ་ཡི།
དེ་ལུ་ སོ་ནམ་བློན་པོ་གིས་ གཞུང་གི་ཧོངས་ལས་འབད་བ་ཅིན་ ལས་འགུལ་དེ་ནང་ རྩ་ལས་ར་ སྲོག་གཅོད་འབད་མ་ཆོགཔ་སྦེ་ཡོད་རུང་ སྒེར་གྱི་ཐོག་ལས་ སྲོད་གཅོད་འབད་མི་རེ་ འཐོན་འོང་ག་ཡང་ མི་ཤེས་ནི་ཨིནམ་ལས་ དེའི་ཐད་ལུ་ལྷོདཔ་ད་ གཞུང་གིས་ བཀག་ཆ་འབད་ནིའི་ དབང་ཚད་མེད་ཟེར་ཨིན་པས།
འཐུས་མི་བཀྲིས་རྡོ་རྗེ་གིས་ གཞུང་གི་འཆར་གཞི་དང་འཁྲིལ་བ་ཅིན་ ས་གོ་དེ་ནང་ ནང་འདྲེན་འབད་མི་ ཤའི་རིགས་ཚུ་ ལེགས་བཅོས་འབད་དེ་ རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་ནི་ཟེར་མི་དེ་ཡང་ ད་རེས་ འཆར་གཞི་དང་བསྟུན་ ལཱ་འབད་སར་ མཐོངམ་མས་ཟེར་མི་ལུ་ སོ་ནམ་བློན་པོ་གིས་འབད་བ་ཅིན་ ཤའི་རིགས་ཚུ་ ལེགས་བཅོས་འབད་དེ་ བཙོང་དོ་ཟེར་ཞུ་ཡི།
བློན་པོ་ཡེ་ཤེས་རྡོ་རྗེ་གིས་ ཞུ་མིའི་ནང་ སེམས་ཅན་ཚུ་གི་ སོན་བཀྲམ་སྤེལ་ཁང་བཟོ་མི་དེ་ཡང་ སྒོ་ནོར་ཐོན་སྐྱེད་ཀྱི་རིགས་ཚུ་ ཕྱི་ཁར་ལས་ ནང་འདྲེན་འབད་མི་དེ་ མར་ཕབ་འབད་དེ་ རང་མགོ་རང་འདྲོངས་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ཨོམ་གྱི་རིགས་ ནང་འདྲེན་འཐབ་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༡ ཕྱི་ཁར་ཟད་འགྲོ་བཏང་ཡོདཔ་མ་ཚད་ ཤའི་རིགས་ ནང་འདྲེན་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡.༢ བཏང་མི་ལུ་ བལྟ་བ་ཅིན་ རྒྱལ་ཁབ་ནང་ སྒོ་ནོར་ཐོན་སྐྱེད་ཀྱི་རིགས་ གོང་འཕེལ་གཏང་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
དེ་ཡང་ ལོ་དེ་ནང་ ཕགཔ་༢༧,༠༠༠ དང་ ནོར་༡༧,༠༠༠ བྱ་༣༠༠,༠༠༠ ར་༦༠༠ ལྷགཔ་ཅིག་ དེ་ལས་ ཉ་ས་ཡ་༢ དེ་ཅིག་ ནང་འདྲེན་འཐབ་ནུག་ཟེར་ཨིནམ་ད་ མེ་ཊིག་ཊཱོན་༡ ལུ་ ཀེ་ཇི་༡,༠༠༠ ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སྒོ་ནོར་སེམས་ཅན་ཚུ་གི་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ དུས་ཅི་ ད་ཚུན་གྱི་བར་ན་ ཕགཔ་༡༠,༢༠༠ དང་ ནོར་༩༠༠ བྱ་༣༧༨,༠༠༠ ཉ་༥༠༠,༠༠༠ དེ་ལས་ ཉ་ཕྲུག་ས་ཡ་༡ དེ་ཅིག་ མཁོ་འདོད་བཀོད་ཡོདཔ་ད་ གཞུང་གིས་ མི་སེར་གྱི་ མཁོ་འདོད་བསྒྲུབ་མ་ཚུགས་པ་ཅིན་ དེ་ལུ་ཡང་ ཁ་བཏང་མི་དང་ སྐྱོན་བརྗོད་འབད་མི་ ཐོནམ་མས་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།