ལེགས་སྦྱར་བ་ཚུ་གིས་ ལཱ་གཡོག་ནང་ ལོག་ལེན་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ།

༉ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ལས་ ངེས་པར་དུ་ དགོངས་ཞུ་འབད་ཡོད་པའི་ ལེགས་སྦྱར་བ་༧ གྱིས་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་ལུ་ ལཱ་གཡོག་ནང་ ལོག་ལེན་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༣ ལུ་ ལེགས་སྦྱར་བ་༦ དང་ རྒྱབ་རྟེན་ལས་གཡོགཔ་༡ བརྩིས་ཏེ་ མི་ངོམ་༧ གྱིས་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་ལུ་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་འབད་བའི་ཤུལ་ ཁོངས་༦ ལུ་ ཉེས་པ་ག་ནི་ཡང་མེདཔ་སྦེ་ ཐོན་ཡོདཔ་ལས་ མཐོ་རིམ་སློབ་གྲྭའི་ཁ་ཐུག་ལས་ ལཱ་གཡོག་ནང་ ལོག་ལེན་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ མི་ངོམ་༧ གྱིས་ མཐོ་རིམ་སློབ་གྲྭའི་ བདག་སྐྱོང་ཧོངས་ལས་ ལོག་ལེན་ཞིནམ་ལས་ ཟླ་ངོ་༤ གི་ དངུལ་ཕོགས་དང་ དཀའ་ཐུབ་སྡུག་སྦྱོང་གི་འཐུས་ཚུ་ མཐོ་རིམ་སློབ་གྲྭའི་ བདག་སྐྱོང་ཁ་ཐུག་ལས་ གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ འགོ་དང་པ་ སློབ་ཕྲུག་བུམོ་༡༩ གིས་ མཐོ་རིམ་སློབ་གྲྭའི་ལས་བྱེདཔ་ཚུ་ལུ་ བདག་སྐྱོང་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལུ་ཐོན་ཡོདཔ་ད་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་གི་ ཞིབ་དཔྱད་འབད་བའི་ཤུལ་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ ལེགས་སྦྱར་བ་༩ དང་ རྒྱབ་རྟེན་ལས་བྱེདཔ་ཅིག་ ངེས་པར་དུ་ དགོངས་ཞུ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེའི་ཤུལ་ལུ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་གི་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཀྲོང་གསར་ཁྲིམས་སྲུང་དང་ ཐིམ་ཕུག་ལས་ དམིགས་བསལ་གྱི་ ཞིབ་དཔྱད་སྡེ་ཚན་ཅིག་གི་ ཟླ་ངོ་༡ གི་རིང་ལུ་ གནད་དོན་དེ་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ བདག་སྐྱོང་ཁ་ཐུག་ལས་ ཞུ་བ་དེ་ལུ་ ངོས་ལེན་མི་འབད་ཟེར་ཨིནམ་ད་ དེ་ཡང་ མཐོ་རིམ་སློབ་གྲྭ་ཁ་ཐུག་ལས་ ཁོང་ཆ་ཁྱབ་ སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞག་ལས་ འགལ་བ་འབད་ཡོདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་ཐོག་ ངེས་པར་དུ་ དགོངས་ཞུ་གཏང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་གིས་ གྲོས་ཐག་བཅད་མི་དེ་ བསྒྱུར་བཅོས་འབད་མི་ཚུགས་ཟེར་ཨིནམ་ད་ ཁོང་ར་ བསམ་པ་མ་རྫོགས་པ་ཅིན་ ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ཞིནམ་ལས་ ཁོང་གི་ སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞག་ལས་ མ་འགལ་བའི་ ཁུངས་བཀལ་དགོ་ཟེར་ཨིན་པས།
གལ་སྲིད་ཁྲིམས་འདུན་ལས་ ཁོང་ལུ་ ཉེས་པ་མེདཔ་ལས་ ལོག་ལེན་དགོ་པའི་ བཀའ་རྒྱ་གནང་པ་ཅིན་ དེ་དང་ འཁྲིལ་དང་ལེན་འབད་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ མཐོ་རིམ་སློབ་གྲྭའི་ ཉེ་འདབས་ལུ་ ཁྱིམ་གླ་ཁར་ལེན་ཡོད་མི་ སློབ་ཕྲུག་བུམོ་ཚུ་ ལོག་གཞུང་པའི་ གྲངས་སུ་ལེན་ཡོདཔ་ཨིན་པས།
ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ ཉལ་ཁྱིམ་གསརཔ་བསྒྲུབས་མི་དང་ བུམོ་ཚུ་ ཕྱི་ཁར་སྡོད་པའི་སྐབས་ དཀལ་ངལ་དང་ ཉེན་ཁ་འབྱུང་ཉེན་ཡོདཔ་ལས་ གཞུང་པའི་གྲངས་སུ་ལེན་པ་ཅིན་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིནམ་ད་ སློབ་ཕྲུག་ཕམ་གྱི་གནང་བ་ཡོད་མི་དང་ སྤུན་ཆ་དང་གཅིག་ཁར་སྡོད་མི་ཚུ་ ཕྱི་ཁར་ སྡོད་དོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *