ལེགས་སྦྱར་བ་༣ གྱི་ འདོད་སྤྱོད་གནོད་འཚེའི་རྩོད་དོན་ ཁྲིམས་འདུན་ལུ་ཕུལ་ཡོདཔ།

༉ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ཐོབ་མི་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ སྙན་ཞུ་དེ་ བསྐྱར་ཞིབ་འབད་ཞིནམ་ལས་ སྤྱི་ཟླ་༨ པའི་ཚེས་༢ ལུ་ ཀྲོང་གསར་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་གྱི་དོན་ལུ་ བཤེར་ཡིག་བཙུགས་ནུག།
མཐོ་རིམ་སློབ་གྲྭ་ནང་ འདོད་སྤྲོད་དང་འབྲེལ་བའི་གནོད་འཚེ་སྐོར་ལས་ འགོ་དང་པ་ སློབ་ཕྲུག་བུམོ་༡༩ གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ སློབ་གྲྭའི་བདག་སྐྱོང་གིས་ ལེགས་སྦྱང་བ་༩ དང་ རྒྱབ་རྟེན་ལས་བྱེདཔ་༡ དགོངས་ཞུ་བཏང་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་གིས་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ མཐོ་རིམ་སློབ་གྲྭ་གིས་ ངེས་པར་དུ་ དགོངམས་ཞུ་དགོ་པའི་ བཀའ་རྒྱ་ཐོག་ལས་ ལེགས་སྦྱར་བ་༡༠ དགོངསམ་ཞུ་བཅུག་མིའི་རྩོད་ཉོགས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལྟེ་བ་གིས་བཏང་མི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་དང་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་གིས་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ནང་ ལེགས་སྦྱར་བ་དང་ སློབ་ཕྲུག་བུམོ་ཚུ་གི་བར་ན་ ཁ་ཉེས་བྱུང་མི་དེ་ལུ་ ཞིབ་དཔྱད་འབད་ཡོད་པའི་ སྙན་ཞུ་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ རྩོད་རྙོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ ཉེས་འཛུགས་འབད་མི་ མང་ཤོས་ར་ ཕྱིར་བཤོལ་ཐོག་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་ལུ་ ལོག་བཏང་ཡོདཔ་ཨིན་པས།
དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ ལེགས་སྦྱར་བ་དགོངས་ཞུ་བཏང་མི་༤ ལུ་ ཡིག་ཚང་གི་ བྱ་སྤྱོད་ལས་འགལ་མི་དང་ དབང་བཙོང་འདོད་སྤྱོད་ཀྱི་ དཔའ་བཅམ་བཅམ་ དེ་ལས་ དོ་དམ་ནང་གི་ བཙན་གཡེམ་འབད་བའི་ ཉེས་འཛུགས་འབད་མི་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕྱིར་བཤོལ་ཐོག་ ལེགས་སྦྱར་བ་༣ ལུ་ བརྡབ་གསིག་གི་འཁྲིག་ཆགས་སམ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་པའི་ ཉེས་འཛུགས་རྐྱངམ་གཅིག་ བཞག་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ བརྡབ་གསིག་གི་ འཁྲིག་ཆགས་གནོད་འགེལ་དེ་ ཉེས་པ་ཡང་ཕྲ་ཨིནམ་ལས་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ བཏང་ཡོདཔ་ཨིན་པས།
གནོད་འགེལ་ཚུ་ ཉེས་ཕྲའི་ཉེས་རིམ་ལས་ ཉེས་ཆེན་ཚུན་ཚོད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབདཝ་ཨིན་པས།
ཉེས་པ་ཡང་ཕྲའི་གནོད་འགེལ་དེ་ ཉེས་འགེལ་ཁྲིབས་དེབ་དང་འཁྲིལ་ཏེ་ ཁྲིམས་གཅོད་གྲུབ་པའི་ རྩོད་ཟླའི་བཙོན་ཁྲིམས་མཐོ་ཤོས་ ལོ་༡ འོག་རྒྱུ་དང་ དམའ་ཤོས་ཟླཝ་༡ བཀོད་དེ་ཡོད་མི་ལུ་ ཉེས་པ་ཡང་ཕྲ་ཡིན་པར་ བརྩི་དགོཔ་ཨིན་པས།
གནད་དོན་དེའི་ སྙན་གསན་དེ་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *