ལེགས་བཅོས་དང་ ཡར་རྒྱས་འགྱོ་ཚུགས་པའི་རེ་བ།

༉ འབྲུག་ཕུཊ༌བཱོལ་ཚོགས་པའི་གཙོ་འཛིན་ ཨྱོན་ཚེ་ཁྱབ་དེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ཡོདཔ་ད་ དེ་ཡང་ བྷ་རཱེན་རྒྱལ་ཁབ་ མ་ན་མ་ས་གནས་ལུ་སྦེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ མཐུན་འབྲེལ་ཞལ་འཛོམས་ ཐེངས་༣༣ པ་འཚོགས་པའི་སྐབས་ བྱུང་ཡོདཔ་ཨིན་པས།

གཙོ་འཛིན་འོགམ་སྦེ་ ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་གིས་ བཙག་འཐུ་འབད་ཡོདཔ་བཞིན་དུ་ གོ་གནས་ཀྱི་དོན་ལུ་ འབྲུག་ལས་ འགོ་དང་པ་ཨིན་པས།

གཙོ་འཛིན་འོགམ་གིས་ འབྲུག་ཕུཊ༌བཱོལ་ཚོགས་པའི་ གཙོ་འཛིན་སྦེ་ སྤྱི་ལོ་༢༠༠༨ ལས་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༡ ལས་ར་ འབྲུག་ཕུཊ༌བཱོལ་ཚོགས་པའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།

གཙོ་འཛིན་འོགམ་ ཨྱོན་ཚེ་ཁྱབ་ཀྱིས་ སླབ་མིའི་ནང་ ལྷོ་ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་གྲུབ་མི་དེ་ལུ་ ཧ་ལས་ཡོདཔ་མ་ཚད་ འབྲུག་གི་ངོ་ཚབ་སྦེ་ གྲལ་གཏོགས་འབད་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འབྲུག་དང་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ཕུཊ་བཱོལ་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་ཐེབས་བསྐྱེད་ནི་དང་ ཁོ་ར་ལུ་ འགན་འཁྲི་ཕོག་མི་ཚུ་ལུ་ གཙོ་བོར་བཟུང་སྟེ་ ལཱ་འབད་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ ལེ་བི་ནཱོན་རྒྱལ་ཁབ་ལས་ ཧ་ཆིམ་ ཧའེ་དར་དེ་ ནུབ་ཕྱོགས་ཨེ་ཤི་ཡཱན་ལུང་ཕྱོགས་ཀྱི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ཡོདཔ་ད་ དབུས་ཕྱོགས་ཀྱི་དོན་ལུ་ ཨི་རཱན་ལས་ ནི་ལྡི་ཏཱཆ་བཙག་འཐུ་འབད་ཡོདཔ་བཞིན་དུ་ ཤར་ཕྱོགས་ཀྱི་ གཙོ་འཛིན་འོགམ་དེ་ མོང་གོ་ལི་རྒྱལ་ཁབ་ལས་ བཀལ་མི་ཚུ་གིས་ ལོ་༤ གི་རིང་ ཕྱག་ཞུ་དགོ་ནི་ཨིན་པས།

ཕུཊ་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ སླབ་མིའི་ནང་ འབྲུག་ཕུཊ༌བཱོལ་ཚོགས་པའི་ གཙོ་འཛིན་ཨྱོན་ཚེ་ཁྱབ་ཀྱིས་ འབྲུག་གི་ཕུཊ༌བཱོལ་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།

སྤ་རོ་ཨེཕ་སི་གི་གཙོ་འཛིན་ ཀརྨ་འཇིགས་མེད་ཀྱིས་ སླབ་མིའི་ནང་ འབྲུག་དང་ འབྲུག་གི་ཕུཊ༌བཱོལ་ཚོགས་པ་ཚུ་གི་དོན་ལུ་ འབྲུག་ཕུཊ་བཱོལ་ཚོགས་པའི་ གཙོ་འཛིན་ཨྱོན་ཚེ་ཁྱབ་དེ་ ཨེ་ཤི་ཡཱན་ལྷོ་ཕྱོགས་རྒྱལ་ཁབ་ཚུ་གི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་གྲུབ་མི་དེ་ལུ་ དཔའ་ཉམས་དང་ ཡིད་ཆེས་བསྐྱེད་པའི་ གཞི་གནད་ཅན་ཅིག་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ འབྲུག་དང་ ལྷོ་ཕྱོགས་ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་ནང་ ཕུཊ་བཱོལ་རྩེད་རིགས་གོང་འཕེལ་གཏང་ནི་དང་ འབྲུག་གི་དོན་ལུ་ གོ་སྐབས་ལེ་ཤ་ཅིག་ར་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ གཙོ་འཛིན་འོགམ་ལུ་བརྟེན་ འབྲུག་གི་ ཕུཊ༌བཱོལ་སློབ་སྟོན་པ་དང་ རྩེད་འགྲན་པ་ དེ་ལས་ དྲང་དཔོན་འབད་མི་ཚུ་ལུ་ ལྷན་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ འབྲུག་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *