༉ འཛམ་གླིང་གསོ་བའི་ལས་སྡེ་གིས་ འབྲུག་རྒྱལ་ཁབ་ནང་ ལུས་སྦྱོང་གི་རྩེད་ཆས་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ད་རུང་ རྒྱབ་སྐྱོར་གྱི་ ཁས་བླངས་འབད་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་སྡེ་གིས་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ལུས་སྦྱོང་གི་རྩེད་ཆས་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༡.༤༥ གྲོགས་རམ་འབད་ཡོདཔ་ད་ ད་རུང་ ཁ་སྐོང་གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༩.༧༥ བྱིན་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
སྤུ་ན་ཁ་ རྫོང་ཁག་བཟུམ་ཅིག་ནང་འབད་རུང་ ཁྲོམ་གྱི་ས་ཁོངས་དང་ གྲྭ་ཚང་གི་ཉེ་འདབས་ དེ་ལས་ སྨན་ཁང་གི་ ས་ཁོངས་ཚུ་ནང་ ལུས་སྦྱོང་གི་རྩེད་ཆས་ གཞི་བཙུགས་འབད་མི་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
སྤུ་ན་ཁ་ སྨན་ཁང་གི་ འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ སྨན་ཁང་གི་ས་ཁོངས་ནང་ ལུས་སྦྱོང་གི་རྩེད་ཆས་ཚུ་ གཞི་བཙགས་འབད་མི་དེ་གིས་ སྨན་ཁང་གི་ས་ཁོངས་དང་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་ལུ ཕན་ཐོགས་པ་གིས་མ་ཚད་ སྨན་ཁང་ནང་ ནདཔ་དང་ནད་གཡོགཔ་ཚུ་ཡང་ དབངཔོ་ངལཝ་ད་ དེ་ནང་འོངམ་ད་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
ཧེ་མ་ དེ་བཟུམ་མེད་པའི་སྐབས་ སྨན་ཁང་ནང་གི་ ནདཔ་དང་ནད་གཡོགཔ་ཚུ་ དབངཔོ་ངལ་ཏེ་འབད་རུང་ སྨན་ཁང་ནང་ རྒྱང་མཐོང་དང་ ཡང་ཅིན་ ཕྱི་ཁར་ཐོན་ཏེ་ བཤད་ཐོ་བཏང་སྡོད་ནི་མ་གཏོགས་ འབད་ཐབས་གཞན་ ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ས་གནས་ནང་ ལུས་སྦྱོང་འབད་ས་ཅིག་ཡོད་ནི་དེ་གིས་ རྩེད་ཤེས་རུང་མ་ཤེས་རུང་ དེ་ནང་འོང་སྟེ་ འབད་དོ་ཡོདཔ་ལས་ ཁོང་རའི་གཟུགས་ཁམས་སྒྲིང་སྒྲི་སྦེ་ བཞག་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོདཔ་སྦེ་ མཐོངམ་མས་ཟེར་ཨིན་པས།
སྨན་ཁང་གི་ ཉེ་འདབས་ལུ་སྡོད་མི་ བསོད་ནམས་ཀྱིས་འབད་བ་ཅིན་ འབྲུག་གཞུང་དང་ འཛམ་གླིང་གསོ་བའི་ལས་སྡེ་གི་ཁ་ཐུག་ལས་ མི་སེར་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ ལུས་སྦྱོང་གི་རྩེད་ཆས་ཚུ་ རིན་མེད་སྟོང་པར་སྦེ་ སྤྱོད་ནི་གི་ གོ་སྐབས་ཐོབ་མི་དེ་ལུ་ བཀའ་དྲིན་དགའ་ཚོར་བསམ་དགོཔ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ལུས་སྦྱོང་གི་རྩེད་རིགས་དེ་ ཐིམ་ཕུག་མ་གཏོགས་ ས་གནས་གཞན་ཁར་མེདཔ་མ་ཚད་ ཐིམ་ཕུག་ལུ་ཡང་ དེ་སྤྱོད་ནིའི་དོན་ལུ་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ སྤྲོད་དགོཔ་ལས་བརྟེན་ མི་སེར་ཉམ་ཆུང་ཚུ་གིས་ ཞབས་ཏོག་དེ་ སྤྱོད་ནི་གི་ གོ་སྐབས་ར་ མིན་འདུག་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ལས་སྡེ་གི་ངོ་ཚབ་ ཌོག་ཊར་རུའི་གིས་འབད་བ་ཅིན་ ལུས་སྦྱོང་གི་རྩེད་ཆས་ གཞི་བཙུགས་འབད་མི་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ལས་ འབྲུག་རྒྱལ་ཁབ་འདི་ འགོ་དང་པ་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་ བྱ་མཆིས་ཆི་དང་ རླུང་མ་ཚུ་ཡང་ གཙང་ཏོག་ཏོ་སྦེ་ཡོདཔ་ད་ ས་གནས་ནང་ ལུས་སྦྱོང་འབད་བར་འོང་མི་ཚུ་ཡང་ སེམས་ཁར་སྤྲོ་སྣང་གི་སྒོ་ལས་ རྩེད་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
དེ་མ་ཚད་ ལུས་སྦྱོང་གི་རྩེད་ཆས་ཚུ་ མི་དྲག་ཞན་ཆེ་ཆུང་མེདཔ་ ག་ར་གིས་ སྤྱོད་ཚུགས་པའི་གོ་སྐབས་ཡོདཔ་མ་ཚད་ མི་སེར་ག་ར་ གཟུགས་ཁམས་བདེ་ཏོག་ཏོ་སྦེ་ བཞག་ཚུགས་པའི་ ཁེ་ཕན་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་སྡེ་གི་ ཁ་ཐུག་ལས་ཡང་ རྒྱབ་སྐྱོར་འབད་དགོ་པའི་ དམིགས་དོན་གཙོ་བོ་ཅིག་ དེ་ཨིན་ཟེར་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ལུས་སྦྱོང་གི་རྩེད་ཆས་ཚུ་ གཞི་བཙུགས་འབད་མི་དེ་གི་ གྲུབ་འབྲས་ལུ་ལྟཝ་ད་ ལེགས་ཤོམ་ཡོདཔ་ལས་ ད་རུང་ ཐེབས་གཞི་བཙུགས་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
དེ་མ་ཚད་ ད་ལས་ཕར་ བདག་འཛིན་འཐབ་ནིའི་ཐད་ལས་འབད་རུང་ རྫོང་ཁག་ཚུ་ནང་ གཞི་བཙུགས་འབད་ཚར་ཞིནམ་ལས་ ཁོང་རང་གིས་ར་ བདག་འཛིན་འཐབ་དགོཔ་སྦེ་ བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།