ལུང་ཕྱོགས་ལྟ་བཤལཔ་ཚུ་གི་དོན་ལུ་ ལྟ་བཤལ་གྱི་ སྲིད་བྱུས་དྭངས་གསལ་ཡོདཔ།

༉ རྒྱལ་ཁབ་ནང་ ལུང་ཕྱོགས་ལྟ་བཤལཔ་ཚུ་ འོང་པའི་སྐབས་ སྟབས་མ་བདེཝ་བྱུང་མི་ཚུ་ ག་ར་གིས་ ཤེས་དོ་ཡོདཔ་ལས་ ལུང་ཕྱོགས་ལྟ་བཤལཔ་ཚུ་གི་དོན་ལུ་ ལྟ་བཤལ་གྱི་ སྲིད་བྱུས་ཅིག་དགོཔ་སྦེ་ ཚོགས་ཐེངས་༨ པའི་ནང་ གྲོས་ཐག་བཅད་མི་དེ་ ད་ལྟོ་ གནས་ཚད་ག་དེམ་ཅིག་གུ་ ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ འབུམ་སྡེ་གླིང་འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ཀྱིས་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ དྲི་བ་ཞུ་ཡི།

བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༨ པའི་ནང་ གཞུང་གིས་ དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་ཆ་འཇོག་འབད་དགོཔ་སྦེ་ཡོདཔ་ལས་ དེ་ནང་ ཧིང་སངས་ས་སྦེ་ འཁོད་དེ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ལུང་ཕྱོགས་ལྟ་བཤལ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁ་ཐུག་ལས་ ཡོངས་འབྲེལ་གྱི་ སྐྱོད་ཐམ་བཀྲམ་སྤེལ་འབད་ནི་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢༦ ལས་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ ཡོངས་འབྲེལ་གྱི་ ཞབས་ཏོག་ལེན་མི་༤,༨༠༠ ལྷགཔ་ཅིག་ འོང་ཡོདཔ་སྦེ་ཞུ་ཡི།
དེ་འབདཝ་ད་ ཡོངས་འབྲེལ་གྱི་ཐོག་ལས་ སྐྱོད་ཐམ་གྱི་ ཞབས་ཏོག་ལེན་པའི་སྐབས་ ཞབས་ཏོག་ལེན་མི་དེ་གིས་ འབྲུག་གི་ སྐྱོད་ཐམ་འཆང་མི་ ལྟ་བཤལ་ལམ་སྟོན་པ་དང་ འབྲུག་པའི་སྣུམ་འཁོར་དགོཔ་ད་ ནང་འཁོད་ལུ་སྡོད་པའི་སྐབས་ གནང་བ་གྲུབ་པའི་ བཟའ་ཚང་གི་ ཁྱད་ཆོས་ཚུ་ག་ར་ ཚང་དགོཔ་ཨིན་ཟེར་ཞུ་ཡི།
ཨིན་རུང་ ད་ལྟོ་ ཡོངས་འབྲེལ་ཐོག་ལས་དང་ འཛུལ་སྒོ་བརྒྱུད་དེ་འོང་མི་འབདཝ་ད་ འཛུལ་སྒོ་ནང་ལས་ ལྟ་བཤལཔ་༤༠,༠༠༠ ལྷགཔ་ཅིག་འོངམི་དེ་ མཐོ་ཤོས་ཡོདཔ་ཨིན་རུང་ བློན་པོ་གིས་འབད་བ་ཅིན་ དེ་སྦེ་ཨིན་དགོ་མི་དེ་ ཡོངས་འབྲེལ་གྱི་སྐྱོད་ཐམ་ཞབས་ཏོག་ཚུ་ ཕུན་ཚོགས་གླིང་མ་གཏོགས་ གཞན་ཁར་མེད་ནི་དེ་གིས་ ཨིནམ་སྦེ་ཞུ་ཡི།
ཡོངས་འབྲེལ་ཐོག་ལས་ སྐྱོད་ཐམ་བྱིན་མི་ ཞབས་ཏོག་དེ་གིས་ དམིགས་བསལ་གྱི་ གྲོས་འདེབས་ཁག་༥ དེ་ཅིག་ཡོད་པའི་ དཀའ་ངལ་ཚུ་ག་ར་ སེལ་འོང་ཟེར་ཨིན་པས།
མ་གཞི་ དམིགས་བསལ་གྱི་ དཀའ་ངལ་བཟོ་བ་ཅིན་ དེ་གིས་ ལུང་ཕྱོགས་ལྟ་བཤལ་གྱི་ དཀའ་ངལ་ཚུ་ སེལ་ཚུགས་ནི་ཨིན་རུང་ དེ་མེན་པ་ཅིན་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་༢༠༡༦ ཅན་མའི་ནང་ ལྟ་བཤལ་སྲིད་བྱུས་ཚུ་ཡང་ ཚུད་དེ་ཡོདཔ་ལས་ དེ་གིས་ ལུང་ཕྱོགས་ལྟ་བཤལ་དེ་ཡང་ ཡོངས་རྫོགས་སྦེ་ འགབ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *