ལུང་ཕྱོགས་འོང་འབབ་དང་ ཅ་དམ་གྱི་ མདོ་ཆེན་བགྲེསཔ་ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ལུང་ཕྱོགས་མདོ་ཆེན་བགྲེསཔ་ ཆོས་བཟང་བཀྲིས་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་ཁག་༡༥ ལུ་ བཙོན་ཁྲིམས་ལོ་༡ བཀལ་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ན་ཧིང་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ རྩོད་ཟླ་ཆོས་བཟང་བཀྲིས་ལུ་ ཡིག་ཆ་དང་ མིང་རྟགས་རྫུས་བཟོ་དང་ ཉེས་ལས་ནང་སྡོང་ཟླ་ དེ་ལས་ དཔང་པོ་དང་འབྲེལ་བའི་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་ཐོག་ ཁྲིམས་འདུན་གྱི་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ མདོ་ཆེན་བགྲེསཔ་གིས་ སྤྱི་ལོ་༢༠༠༢ ལས་༢༠༠༧ གྱི་བར་ན་ ཕུན་ཚོགས་གླིང་ལུ་ ལུང་ཕྱོགས་མདོ་ཆེན་སྦེ་ ལཱ་འབད་བའི་སྐབས་ ཁོ་རའི་མ་ཐང་ བསྟན་འཛིན་སྒྲོལ་དཀར་གྱི་ མིང་ཐོ་ཁར་ ཊི་ཌི་ཚོང་ལས་ཁང་གི་ ཆོག་ཐམ་ལེན་ནི་དང་ ཊི་ཌི་རྩི་ས་ངོ་ཚབ་ཀྱི་ ཆོག་ཐམ་ལེན་ནིའི་དོན་ལུ་ མོ་གི་ མིང་རྟགས་རྫུས་མ་བཀོད་ཡོདཔ་མ་ཚད་ ཤུལ་ལས་ ཁོ་རའི་གནས་ཚང་གི་ མིང་ཐོ་ཁར་ སྤོ་ནིའི་དོན་ལུ་ མིང་རྟགས་རྫུས་མ་རྐྱབ་ནུག་ཟེར་ཨིན་པས།
ད་རུང་ རྩོད་ཟླ་གིས་ བསོད་ནམས་བཱི་ཡར་ཚོང་ལས་ཀྱི་ ཆོག་ཐམ་ལེན་ནིའི་དོན་ལུ་ གནས་ཚང་གི་ཨའི་ བསོད་ནམས་བཟང་མོའི་ ལག་རྗེས་ཡང་ རྫུས་མ་རྐྱབ་ནུག་ཟེར་ཨིན་པས།
ཁོ་ལུ་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༢༩༧ གྱི་ ང་པ་དང་ དོན་ཚན་༡༢ པ་ལྟར་ ཉེས་ཕྲའི་ཉེས་ཁྲིམས་ དམའ་ཤོས་ལོ་༡ ལས་ མཐོ་ཤོས་ལོ་གསུམ་འོག་རྒྱུའི་ ཁྲིམས་སྨིན་དགོཔ་ལས་ ཁྲིམས་འཐུས་བཏབ་ཆོག་པའི་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།
རྩོད་ཟླ་ཆོས་བཟང་བཀྲིས་ལུ་ དཔང་པོ་དང་འབྲེལ་བའི་ ཉེས་འཛུགས་ཁག་༢ བཀལ་ཡོད་མི་དེ་ལུ་ ཐེ་ཚོམ་དང་བྲལ་བའི་ སྒྲུབ་བྱེད་ཀྱི་ མངོན་རྟགས་གསལ་སྟོན་མ་ཚུགསཔ་ལས་ ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
དེ་ལས་ སྤ་རོ་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གི་ ཁྲལ་ཞིབ་དཔྱོདཔ་གོངམ་ ཀུན་ལེགས་ཀྱིས་ རྩོད་ཟླ་ཆོས་བཟང་བཀྲིས་ལུ་ ཆོག་ཐམ་བཟོ་ནིའི་ནང་ སྡོང་ཟླ་དང་ ཆ་རོགས་འབད་བའི་ བཙོན་ཁྲིམས་ཟླཝ་༦ ཕོག་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ བི་ཡར་སྦུང་ཚོང་འཐབ་མི་ བསོད་ནམས་བི་ཡར་ལས་ཚབ་ཀྱི་ ཆོག་ཐམ་དེ་ ཟླཝ་དག་པ་ཅིག་གི་རྒྱབ་ལས་ ཡུག་གསུམ་བི་རི་ཝི་རིསི་ལས་སྡེ་ལུ་ བསྒྱུར་བཅོས་འབད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཆོས་བཟང་བཀྲིས་ཀྱི་ བཀོད་རྒྱ་དང་འཁྲིལ་ ཀུན་ལེགས་ཀྱིས་ ཚོང་འབྲེལ་ངོ་ཚབ་ཀྱི་ བདག་དབང་སྤོ་སོར་གྱི་ འབྲི་ཤོག་བཀང་བཅུག་སྟེ་ རྩོད་ཟླ་གིས་ ཁོ་རའི་ཁེ་ཕན་དང་ རྒྱལ་ཁམས་ལུ་ མགུ་སྐོར་རྐྱབ་ནིའི་དོན་ལུ་ བསོད་ནམས་བཟང་མོའི་ ལག་རྗེས་རྫུས་མ་རྐྱབ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཆོས་བཟང་བཀྲིས་ཀྱིས་ བསྟན་འཛིན་སྒྲོལ་དཀར་གྱི་ མིང་ཐོ་ཁར་ཡོད་མི་ ཊི་ཌི་རྩི་ས་ཚོང་འབྲེལ་ངོ་ཚབ་ཀྱི་ ཆོག་ཐམ་དེ་ ཁོ་རའི་གནས་ཚང་ ཡེ་ཤེས་བཟང་མོའི་ མིང་ཐོ་ལུ་ སྤོ་ནིའི་དོན་ལས་ ཡིག་ཆ་ཚུ་གུ་ མིང་རྟགས་རྫུས་མ་རྐྱབ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༥ ཟླ་༡༠ པའི་ཚེས་༢༨ ལུ་ ཚོང་འབྲེལ་ངོ་ཚབ་ཀྱི་ མིང་གནས་དེ་ ཡེ་ཤེས་རྩི་ས་ངོ་ཚབ་སྦེ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
རྩོད་ཟླ་གིས་ བདག་དབང་སྤོ་སོར་འབདཝ་ད་ བསྟན་འཛིན་སྒྲོལ་དཀར་དང་ ཁོ་རའི་གནས་ཚང་གི་ མིང་རྟགས་གཉིས་ཆ་ར་ རྫུས་མ་རྐྱབ་ཡོདཔ་ཨིན་པས།
ཡེ་ཤེས་བཟང་མོའི་ མིང་ཐོ་ཁར་ཡོད་མི་ ཡེ་ཤེས་རྩི་ས་དེ་ སྤྱི་ལོ་༢༠༠༧ ལུ་ ལོག་སྟེ་ར་ ཊི་ཌི་ཚོང་ལས་ཁང་གི་ཇོ་བདག་ བསྟན་འཛིན་སྒྲོལ་དཀར་གྱི་ མིང་ཐོ་ལུ་ སྤོ་སོར་འབད་ཡོདཔ་ད་ དེ་གི་སྐོར་ལས་ ཡེ་ཤེས་བཟང་མོ་དང་ བསྟན་འཛིན་སྒྲོལ་དཀར་གཉིས་ཆ་ར་ལུ་ ཤེས་རྟོགས་མེདཔ་ཨིན་པས།
ཁྲིམས་འདུན་གྱིས་ བསྟན་འཛིན་སྒྲོལ་དཀར་དང་ ཆོས་བཟང་བཀྲིས་ཀྱི་ཨ་ཞང་ ཀུན་བཟང་རྡོ་རྗེ་ ཁོ་རའི་བུ་ སྐལ་བཟང་ཚེ་རིང་བཀྲིས་དང་ བསོད་ནམས་བཟང་མོ་ཚུ་ལུ་ བརྡ་དོན་ཕྱི་འགྱུར་བྱིན་པའི་ ཉེས་འཛུགས་འབད་མི་དེ་ ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *