སྨན་གཡོགམོ་སྒྲོལ་མ་གིས་ གྲོང་ཁྱིམ་ཚུ་ནང་ རྒན་རྒས་ཚུ་ལུ་ སྨན་བྱིན་པའི་བསྒང་།

ལུང་ནག་ན་ལུ་ གསོ་བའི་ལས་བྱེདཔ་ ཨམ་སྲུ་དང་པ་གིས་ ཁྱད་པར་བཟོ་དོ་ཡོདཔ།

༉ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༣,༧༠༠ དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔའི་ཁར་ ལོ་༡ ནང་ ཟླཝ་༦ གི་རྩིས་ ཁཝ་གིས་སྤུབས་མི་ ལུང་ནག་ན་རྒེད་འོག་དེ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ ཉེ་འདབས་ཀྱི་ རྒེད་འོག་ཚུ་དང་ འབྲེལ་བ་མེད་པར་ ལུས་དོ་ཡོདཔ་ཨིན་པས།

དེ་མ་ཚད་ ལུང་ནག་ནའི་ ཨམ་སྲུ་ཚུ་ ཟླ་ཁྲག་འོང་མི་དང་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གདོང་ལེན་བྱུང་མི་ཚུ་གི་སྐོར་ལས་ བློ་སླབ་ནི་ལུ་ ངོ་ཚར་སྡོད་མི་ཅིག་ཨིན་པས།

མགར་ས་རྫོང་ཁག་གི་ མཐའ་ཟུར་ས་གནས་ཅིག་ཨིན་མི་ ལུང་ནག་ན་ལུ་སྡོད་མི་ མི་སེར་༩༠༠ དེ་ཅིག་ཡོད་རུང་ ཨམ་སྲུ་བརྒྱ་ཆ་༡༠ རྐྱངམ་གཅིག་གིས་ པེབ་སི་མེར་ཟེར་ མངལ་སྒོ་དང་འབྲེལ་བའི་ བརྟག་དཔྱད་འབད་དེ་ཡོདཔ་ཨིན་པས།

ད་རེས་ནངས་པར་ཡང་ ཨམ་སྲུ་ཚུ་གིས་ ཨ་ལོ་ཁྱིམ་ནང་ སྐྱེས་དོ་ཡོདཔ་ད་ འཕྲོད་བསྟེན་གྱི་ དཀའ་ངལ་ཚུ་ ཚབས་ཆེན་ཅིག་ལུ་ མ་གྱུར་ཚུན་  གསོ་བའི་ལས་བྱེདཔ་ཚུ་དང་ གྲོས་བསྟུན་འབད་ནི་མེདཔ་ཨིན་པས།

ཨིན་རུང་ ལུང་ནག་ན་ལུ་ སྨན་བཅོས་འབད་མི་ གསོ་བའི་ལས་བྱེདཔ་ ཨམ་སྲུ་དང་པ་ ལྷོད་མི་དང་བསྟུན་ གནས་སྟངས་ཚུ་ བསྒྱུར་བཅོས་འགྱོ་ཚུགས་པའི་ རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།

སྨན་གཡོགམོ་སྒྲོལ་མ་དེ་ ལུང་ནག་ན་གཞི་རྟེན་སྨན་ཁང་ནང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ལ་མཐོ་སའི་ ཨམ་སྲུ་ཚུ་གིས་ གསོ་བའི་གནད་དོན་ཚུ་ ཧ་གོ་དགོཔ་ ཁག་ཆེཝ་ལས་ སྤྱི་ལོ་༢༠༡༥ ལུ་ ས་གནས་འགོ་ཁྲིདཔ་ཚུ་གིས་ སྒྲོལ་མ་ལུ་ སྨན་གཡོགམོ་དང་འབྲེལ་བའི་ སློབ་སྦྱོང་འབད་བཅུག་ནིའི་ གྲོས་འདེབས་བཀོད་ནུག།

སྒྲོལ་མ་དེ་ སློབ་རིམ་༡༢ པ་མཇུག་བསྡུ་བའི་ཤུལ་ལས་ མོ་རའི་སྐྱེས་གཡུས་ ལུང་ནག་ན་ལུ་ སྡོད་པའི་སྐབས་ འགོ་དཔོན་ཚུ་ ས་གནས་དེ་ཁར་འོངམ་ད་ འགོ་ཁྲིདཔ་ཚུ་གིས་ མོ་ལུ་ སློབ་གཉེར་གྲོགས་རམ་དགོ་པའི་སྐོར་ལས་ བློ་སླབ་ནུག་ཟེར་ཨིན་པས།

ལུང་ནག་ན་ལུ་ སའི་ཆགས་ཚུལ་ལུ་བརྟེན་ ཞི་གཡོགཔ་མང་ཤོས་ཀྱིས་ འགྱོ་མི་བཏུབ་དོ་ཡོད་རུང་ ང་གིས་ སློབ་གཉེར་གྲོགས་རམ་ཐོབ་ད་ ལུང་ནག་ན་ལུ་ ལོག་འོང་སྟེ་ ལཱ་འབད་ནིའི་ ཁས་བླངས་འབད་ཡི་ཟེར་ སྒྲོལ་མ་གིས་ བཤདཔ་ཨིན་པས།

ལུང་ནག་ན་དེ་ མོ་རའི་གཡུས་ཨིནམ་ལས་ མོ་རའི་ཨ་རྒས་དང་ ཨང་རྒས་ སྤུན་ཆ་ཚུ་ག་ར་ སྐྱེས་ས་སྦོམ་ས་ལུ་ སྡོདཔ་བཞིན་དུ་ མོ་རའི་ཨའི་ཡང་ ནཱ་ལུ་ར་ གྱོངས་སོ་ཡི་ཟེར་ བཤདཔ་ཨིན་པས།

སྤྱི་ལོ་༢༠༡༥ ལུ་ སྒྲོལ་མ་གིས་ གསོ་བའི་སློབ་གཉེར་གྲོགས་རམ་ལེན་ནིའི་དོན་ལུ་ ཐིམ་ཕུག་ལུ་ འོང་ཡོདཔ་ད་ མོ་རའི་ཕམ་གཉིས་ཆ་ར་ ཚེ་ལས་འདས་ཡོདཔ་ལས་ མོ་ལུ་ དཀའ་ངལ་བྱུང་ཡོད་རུང་ མོ་རའི་ཨ་ཞེམོ་གིས་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནུག།

དེ་ལས་ རྒྱལ་ས་ལྟེ་བ་ལུ་ ཟླ་ངོ་༡ དེ་ཅིག་ དཀའ་སྡུག་ཐོག་ལུ་ སྡོད་པའི་ཤུལ་ལས་ མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ གྲོགས་རམ་འབད་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་དང་ འབྲེལ་བ་འཐབ་སྟེ་ སློབ་གཉེར་གྲོགས་རམ་ ཐོབ་ཡོདཔ་ཨིན་པས།

མོ་ར་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ དཔེ་ཆ་འཕྲོ་མཐུད་ལྷབ་ནིའི་ འཆར་གཞི་ཡོད་རུང་ ལུང་ནག་ན་ལུ་ ལོག་འོང་སྟེ་ མོ་རའི་ མི་སྡེ་ལུ་ ཞབས་ཏོག་ཞུ་ནི་ཟེར་ སྒྲོལ་མ་གིས་ བཤདཔ་ཨིན་པས།

གཞི་རྟེན་གསོ་བའི་ལྟེ་བ་ནང་ ཨམ་སྲུ་སྨན་གཡོགམོ་ མོ་ར་རྐྱངམ་གཅིག་ཨིནམ་ལས་ མོ་གིས་ ཨམ་སྲུ་ཚུ་དང་འབྲེལ་བའི་ གདོང་ལེན་ཚུ་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།

ལྟེ་བ་གིས་ ལུང་ནག་ན་གི་ ཨམ་སྲུ་ག་ར་ མངལ་སྒོའི་བརྟག་དཔྱད་འབད་ནིའི་ འཆར་གཞི་ཡོདཔ་ད་ གསོ་བའི་ལས་རོགསཔ་ དཱན་ཀུ་མར་རའེ་གིས་ སླབ་མིའི་ནང་ ལུང་ནག་ན་ལས་ ཨམ་སྲུ་བཞི་རྐྱངམ་གཅིག་གིས་ སྐྱེས་འགོག་མཁོ་ཆས་ ཨའི་ཡུ་ཌི་ཟེར་མི་དེ་ བཙུགས་ཏེ་ཡོད་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ ཨའི་ཡུ་ཌི་དེ་ བཙུགས་ནི་གི་ སྤྲོ་བ་བསྐྱེད་ནི་མེདཔ་ཨིན་རུང་ སྒྲོལ་མ་ལྷོད་པའི་ཤུལ་ལས་ མངལ་སྒོ་ནང་ སྐྱེས་འགོག་མཁོ་ཆས་ བཙུགས་ནི་གི་ གདམ་ཁ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཨམ་སྲུ་ཅིག་གིས་ སྐྱེས་འགོག་མཁོ་ཆས་ བཙུགས་ནིའི་དོན་ལུ་ དུས་ཚོད་བཟོ་སྟེ་ཡོདཔ་མ་ཚད་ རྒེད་འོག་གི་ གསོ་བའི་ལས་བྱེདཔ་དང་ ཤེས་རིག་ལས་ཁུངས་ཀྱི་ མི་ངོ་ཚུ་གིས་ཡང་ ཨམ་སྲུ་ཚུ་ལུ་ ཟླ་ཁྲག་འོངམ་ད་ གཙང་རས་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

ང་བཅས་ཀྱིས་ ལུང་ནག་ན་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ བཀྲམ་སྤེལ་ཁང་ནང་ གཙང་རས་ཚུ་ བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ དཱན་ཀུ་མར་རའེ་གིས་བཤདན་ཨིན་པས།

རྒེད་འོག་གི་ ཆགས་ཚུལ་ལུ་བརྟེན་ ཨ་ལོ་ཉེན་སྲུང་དང་ལྡནམ་སྦེ་ སྐྱེས་ཚུགསཔ་བཟོ་ནི་དེ་ཡང་ གདོང་ལེན་ཡོདཔ་ལས་ མང་ཤོས་ཀྱིས་ ཁྱིམ་ནང་སྐྱེ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨ་ལོ་སྐྱེས་བའི་སྐབས་ ཤི་རྐྱེན་བྱུང་པའི་ ལོ་རྒྱུས་ཚུ་ཡོད་རུང་ ཐད་འཕུར་གནམ་གྲུའི་ཞབས་ཏོག་ཡོདཔ་ལས་ ད་རེས་ནངས་པར་ སྤུ་ན་ཁ་དང་ ཐིམ་ཕུག་ལུ་ འགྱོ་ནི་གི་ གདམ་ཁ་རྐྱབ་ནི་འདུག་ཟེར་ཨིན་ པས།

དཱན་ཀུ་མར་རའེ་གིས་ སླབ་མིའི་ནང་ མཐུན་རྐྱེན་ཚུ་ཡོད་རུང་ ཨ་ལོ་སྐྱེ་ནིའི་ ན་ཟུག་འགོ་བཙུགས་ཡོད་པ་ཅིན་ གཡུས་ཚན་ཚུ་ནང་ལས་ ལྟེ་བ་ཚུན་ ལམ་འགྱོ་སྟེ་ འོང་མི་ཚུགས་པས་ཟེར་ཨིན་པས།

ལེ་ལྡི་གཡུས་ཚན་ནང་ ཁྱིམ་གུང་༡༣ ཡོད་མི་མ་རྩིས་བར་ ཉེ་འདབས་ཀྱི་ གཡུས་ཚན་དེ་ ལུང་ནག་ན་གཞི་རྟེན་སྨན་ཁབ་ལྟེ་བ་ལས་ དུས་ཡུན་སྐར་མ་༢༠ དེ་ཅིག་ ལམ་འགྱོ་དགོ་པའི་ ས་ཁར་ཡོདཔ་ཨིན་པས།

ལྟེ་བ་དེ་ནང་ གསོ་བའི་ལས་རོགསཔ་༢ དང་ སྨན་གཡོགམོ་༡ ཡོད་མི་གིས་ ཟླ་རིམ་བཞིན་དུ་ གསོ་བའི་འཕྲོད་བསྟེན་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་གིས་ ནདཔ་ཚུ་གི་ གནས་སྟངས་ཚབས་ཆེན་ཡོད་པ་ཅིན་ ཁྱིམ་ནང་འགྱོ་ཐོག་ལས་ སྨན་བཅོས་འབད་བྱིན་དོ་ཡོདཔ་ཨིན་པས།

ན་ཧིང་ ལུང་ནག་ན་ལུ་ གསོ་བའི་ལས་བྱེདཔ་ཚུ་ ཨམ་སྲུ་༤ གི་ ཁྱིམ་ནང་སོང་སྟེ་ ཨ་ལོ་༤ སྐྱེས་ནི་ལུ་ གྲོགས་རམ་འབད་ཡོདཔ་ད་ སྨན་གཡོགམོ་སྒྲོལ་མ་ ལྷོད་ཡོདཔ་ལས་ ཨམ་སྲུ་ཚུ་གི་ མི་ཚེའི་གནས་སྟངས་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ དཱན་ཀུ་མར་རའེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *