སྤྱི་ཟླ་༩ པའི་ནང་ གཞུང་གིས་ གནས་སྤྱི་འོག་ནང་ ལུག་༡༡༢ བགོ་བཀྲམ་འབད་ནུག།

ལུག་གསོ་སྐྱོང་གིས་ སོ་ནམ་པ་ཚུ་ལུ་ འོང་འབབ་བཟོ་ཚུགས་པའི་ རེ་བ་ཡོདཔ།

༉ ལྷུན་རྩེ་སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ནང་ ལུག་གསོ་སྐྱོང་འཐབ་ནི་ འགོ་བཙུགས་ཡོདཔ་ལས་ ས་གནས་ཀྱི་ མི་སེར་ཚུ་ལུ་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་འབྱུང་ནི་གི་ རེ་བ་བསྐྱེདཔ་ཨིན་པས།

དེ་ཡང་ འདས་པའི་ཟླཝ་ནང་ གཞུང་གིས་ གནས་སྤྱི་འོག་གི་ ཁྱིམ་གུང་པ་༡༥ ལུ་ ལུག་འཛིན་སྐྱོང་འབད་ཐངས་ཀྱི་ སྦྱོང་བརྡར་བྱིན་པའི་ཤུལ་ལས་ ལུག་༡༡༢ བཀྲམ་སྤེལ་འབད་ནུག།

རྫོང་ཁག་སྒོ་ནོར་འགོ་དཔོན་འོགམ་ ཕུར་པ་ཚེ་རིང་གིས་ སླབ་མིའི་ནང་ ལུག་གསོ་སྐྱོང་འབད་ནིའི་དོན་ལས་ ཁྱིམ་གུང་རེ་ལུ་ ལུག་༨ རེ་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ལོ་དག་པ་ཅིག་གི་རྒྱབ་ལས་ ལུག་གསོ་སྐྱོང་ལུ་བརྟེན་ དངུལ་རྐྱང་གི་ འོང་འབབ་བཟོ་སྟེ་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་ནི་དང་ ལུག་ཚུ་གི་ ལུད་ལུ་བརྟེན་ ལོ་ཐོག་གི་ ཐོན་ཤུགས་ལུ་ཡང་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལུག་ཚུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་འོག་ལུ་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

ལུག་ཚུ་ མཁོ་མ་རྒེད་འོག་ གཙང་ངོ་གཡུས་ཚན་ནང་ཡང་ གསོ་སྐྱོང་འབད་ནི་ཡོདཔ་བཞིན་དུ་ འགོ་ཐོག་སྐབས་ གཡུས་སྒོ་དེ་ནང་ བཀྲམ་སྤེལ་འབད་ནི་གི་ ལས་འཆར་ཡོད་རུང་ གནས་གཡུས་ཚན་དེ་ གདམ་ཁ་རྐྱབ་ཅི་ཟེར་ ཕུར་པ་ཚེ་རིང་གིས་ བཤདཔ་ཨིན་པས།

དེ་ཡང་ སྒང་ཟུར་རྒེད་འོག་དེ་ སྨད་ཚོ་དང་ རྒྱ་རེད་རྒེད་འོག་དང་གཅིག་ཁར་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་ ལས་འགུལ་གྱི་འོག་ལུ་ཨིནམ་མ་ཚད་ གནས་ལུ་ དང་ཕུ་ལས་ར་ ལུག་གསོ་སྐྱོང་འཐབ་པའི་ ལོ་རྒྱུས་ཡོད་མི་ལུ་བརྟེན་ གདམ་ཁ་རྐྱབ་པའི་ཤུལ་ལས་ དང་འདོད་ཅན་གྱི་ སོ་ནམ་པ་ཚུ་ལུ་ ལུག་བགོ་བཀྲམ་འབད་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ལུག་ཚུ་ཡང་ བུམ་ཐང་ལུག་གསོ་སྐྱོང་ལྟེ་བ་ནང་ལས་ བཀྲམ་སྤེལ་འབད་ཡོདཔ་ད་ བལ་ཚུ་ཡང་ སོ་ནམ་པ་ཚུ་ལས་ ལྟེ་བ་གིས་ ལོག་ལེན་ནི་སྦེ་ ཁས་ལེན་འབད་ནུག།

རྫོང་ཁག་འགོ་ནོར་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ལུག་ཚུ་ཡང་ ལྷམ་པ་མ་འདྲཝ་ དག་པ་ཅིག་ཡོད་མི་ལས་ ལ་ཁར་གསོ་སྐྱོང་འཐབ་ནིའི་དོན་ལུ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༡,༨༠༠ ལས་ལྷག་སྟེ་ དགོཔ་ཨིན་པས།

ད་རུང་ གནས་སྤྱི་འོག་ནང་ སྒོ་ནོར་རྒྱ་སྐྱེད་ལྟེ་བ་ཅིག་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ནི་ཨིནམ་ལས་ འཚོ་བ་སྒོ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་གི་ འོས་འབབ་ཡོདཔ་ཨིན་པས།

རྒྱ་གར་གཞུང་གི་ གོང་འཕེལ་ཆུང་རིམ་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ སྒོ་ནོར་རྒྱ་སྐྱེད་ལྟེ་བ་དང་ ཡིག་ཚང་ཅིག་ རྐྱབ་ནིའི་དོན་ལུ་ ལཱ་ཚུ་ འཕྲལ་ཁམས་ཅིག་ཁར་ ཁག་འབགཔ་ལུ་སྤྲོད་ཡོདཔ་ད་ བཟོ་སྐྲུན་གྱི་དོན་ལུ་ དུས་ཡུན་ཟླཝ་༦ བྱིན་ཡོདཔ་ཨིན་པས།

རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནས་ཀྱི་མི་སེར་ཚུ་ སྒོ་ནོར་སེམས་ཅན་ལུ་བརྟེན་སྡོདཔ་མ་ཚད་ ཁྱིམ་གུང་དང་ མི་རློབས་ལས་བཅད་རུང་ སྒོ་ནོར་རྒྱ་སྐྱེད་ལྟེ་བ་འཐོབ་ནིའི་ འོས་འབབ་འདུག་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ ལྟེ་བ་དགོས་མཁོ་ཡོད་མིའི་སྐོར་ མི་སེར་གྱིས་ ཞུ་བ་ཕུལཝ་བཞིན་དུ་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ རྫོང་ཁག་ལུ་ བཙུགས་ནུག་ཟེར་ཨིན་པས།

གཞིས་གསར་དང་ གཞིས་རྙིངམ་བརྩིས་ཏེ་ ཁྱིམ་གུང་༡༠༠ ལྷགཔ་ཅིག་ཡོད་མི་ གནས་སྤྱི་འོག་ནང་ བ་ནོར་བསྡོམས་༣༠༠ ལྷགཔ་ཅིག་ཡོད་མི་ལས་༥༠ དེ་ཅིག་ རིགས་བསྲེས་མི་ ཇར་སི་བ་ཚུ་ཨིན་ཟེར་ ཕུར་པ་ཚེ་རིང་གིས་ བཤད་པའི་ཁར་ གཞུང་ལས་ རིན་གོང་ཕབ་ཆག་གི་ རྒྱབ་སྐྱོར་ཐོག་ལས་ཉོ་མི་ ཇར་སི་བ་༡༥ དང་ ཕ་གླང་ཅིག་ རིན་མེད་སྟོང་པ་སྦེ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཇར་སི་བ་༢༠ དེ་ཅིག་ དགོས་མཁོ་ཡོདཔ་སྦེ་ ཡི་གུ་ལྷོད་དེ་ཡོད་ཟེར་ བཤདཔ་ཨིན་པས།

སྒོ་ནོར་རྒྱ་སྐྱེད་ལྟེ་བ་གིས་ སྒོ་ནོར་སེམས་ཅན་ བྱ་དང་བ་ནོར་དང་འབྲེལ་བའི་ ཞབས་ཏོག་ཚུ་ བྱིན་ནི་ཨིནམ་ལས་ ད་རེས་ཀྱི་ འཆར་ལོ་ནང་ར་ ལྟེ་བ་སྒོ་ཕྱེ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། གནས།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *