ལིང་དཔོན་ལིང་རྒྱས་རྒྱ་མཚོ་གིས་ ཨིས་ཀའུཊ་འགོ་ཁྲིད་ལས་རིམ་གྱི་དོན་ལུ་ ཟད་འགྲོ་བཏང་ཡོད་པའི་ སྒྲུབ་བྱེད་ཕུལ་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གསུམ་པའི་ནང་ དམག་སྡེའི་ཁྲིམས་རྩོདཔ་གིས་ ལིང་དཔོན་ལིང་རྒྱས་རྒྱ་མཚོ་གིས་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༧ པའི་སྐབས་ལུ་ དངུལ་ཀྲམ་༡༨༠,༠༠༠ དང་ བདེ་སྲུང་ཤོ་ཐེངས་༢༣ པའི་ནང་ལས་ དངུལ་ཀྲམ་༦༠༡,༢༤༥ གཞུང་དངུལ་ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་བཀལ་ཡོད་རུང་ ཉེས་འཛུགས་ཅན་གྱིས་འབད་བ་ཅིན་ དངུལ་ཀྲམ་༦༠༡,༢༤༥ དེ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ ཨིས་ཀའུཊ་འགོ་ཁྲིད་ལས་རིམ་གྱི་ སྦྱོང་བརྡར་དོན་ལུ་ བཏང་མི་དེ་ཨིནམ་སྦེ་ཞུ་ཡི།

ལིང་རྒྱས་རྒྱ་མཚོ་གིས་ ཞུ་མི་དང་འཁྲིལཝ་ད་ དངུལ་ཀྲམ་༦༠༡,༢༤༥ དེ་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱིས་ རྩིས་བཱིལ་དེ་ ཁོང་ར་གིས་ བཏབ་ཡོདཔ་ལས་ ཁོ་ལུ་ ཉེས་འཛུགས་ཕོག་དགོཔ་མེད་ཟེར་ཨིནམ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ཚོང་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ བདེ་སྲུང་ཤོ་ཐེངས་༢༣ པ་དང་ ཨིས་ཀའུཊ་འགོ་ཁྲིད་ལས་རིམ་གྱི་ སྦྱོང་བརྡར་དང་གཅིག་ཁར་ མགུ་འཐོམ་ཡོདཔ་འོང་ནི་མས་ཟེར་ཨིན་པས།

ཁྲིམས་རྩོད་པ་གིས་འབད་བ་ཅིན་ ཁོང་གིས་ སྒྲོལ་མ་ཚོང་ཁང་གི་ཇོ་བདག་ མཆོད་རྟེན་རྡོ་རྗེ་གི་ ཁྱིམ་ནང་ལས་ ཐོབ་ཡོད་མི་ རྩིས་བཱིལ་དང་ ཉེས་འཛུགས་ཅན་གྱིས་ དམག་སྡེའི་ཡིག་ཚང་ལྟེ་བའི་ནང་ བཙུགས་ཡོད་མི་ རྩིས་བཱིལ་ཨང་༧༤༧ གཉིས་ ཅོག་འཐད་པས་ཟེར་ཨིན་པས།

ཉེས་འཛུགས་ཅན་གྱིས་ དངུལ་ཀྲམ་༦༠༡,༢༤༥ དེ་ བདེ་སྲུང་སྦྱོང་བརྡར་གྱི་མེན་པར་ ཨིས་ཀའུཊ་འགོ་ཁྲིད་ལས་རིམ་གྱི་ སྦྱོང་བརྡར་གྱི་དོན་ལས་ཨིནམ་སྦེ་ ཞུ་ཡོདཔ་ལས་ ཉེས་འཛུགས་དེ་ ག་ཅི་སྦེ་ ཁོ་ལུ་ཕོག་དགོཔ་ཨིན་ན་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ཚུ་གིས་ དམག་སྡེ་ཁྲིམས་རྩོད་པ་ལུ་ དྲི་བཀོད་འབད་ཡི།

དམག་སྡེའི་ཁྲིམ་རྩོད་པ་གསུམ་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་བཀལ་མི་དེ་ ལྟ་བའི་ཤུལ་ལུ་ ཁོང་གིས་འབད་བ་ཅིན་ ས་གནས་ནང་གི་ ཚོང་པ་ཚུ་གིས་ ཕུལ་ཡོད་མི་ ངག་བརྗོད་དང་ ཉེས་འཛུགས་ཅན་གྱི་ ས་ཡིག་དང་འཁྲིལ་ཏེ་ ཉེས་འཛུགས་བཀལ་ཡོདཔ་སྦེ་ཞུ་ཡི།

ཨིན་རུང་ མི་སེར་ཚུ་ལུ་ དྲང་ཁྲིམས་ཐོབ་ཐབས་ལུ་ ཉེས་འདོགས་པའི་ཁ་ཐུག་ལས་ བཤེར་ལན་ཕུལཝ་ད་ ཁ་གསལ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

ད་རུང་ དམག་སྡེའི་ཁྲིམས་རྩོད་པ་གིས་འབད་བ་ཅིན་ ཐོག་མའི་ཁྲིམས་འདུན་གྱིས་ དངུལ་ཀྲམ་༤༡,༥༠༠ གི་ རྩིས་བཱིལ་ འཛིན་སྐྱོང་ཤེས་ཡོན་སྤེལ་ཁང་ལུ་ སྤྲོད་ཡོད་མི་དངུལ་ཀྲམ་༤༠,༩༠༠ དང་ མཚོ་གླིང་པར་སྐྲུན་ལུ་སྤྲོད་ཡོད་མི་ དངུལ་ཀྲམ་༢༠,༠༠༠ ཚུ་ ངོས་ལེན་མ་འབད་མི་དེ་ཡང་ ཏི་རུ་སྤྲོད་པའི་སྐབས་ འཛིན་ཤོག་ཅེཀ་གི་ཐོག་ལས་མ་གཏོགས་ དམག་སྡེའི་ཡིག་ཚང་ལྟེ་བ་བརྒྱུད་དེ་ མ་སྤྲོད་མི་དེ་ཨིནམ་སྦེ་ཨིན་པས།

དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ བདེ་སྲུང་ཤོ་ཐེངས་༢༣ པ་ འགོ་འདྲེན་འཐབ་པའི་སྐབས་ གསོལ་རས་བྱིན་ཡོད་མི་ ཡིག་ཆ་ཁ་གསལ་ཚུ་ཡང་ ཡིག་ཚང་ལྟེ་བའི་ནང་ མ་བཙུགས་པས་ཟེར་ཨིནམ་ད་ ཁོ་གིས་ ག་ཅི་ལུ་བརྟེན་ མ་བཙུགསཔ་ཨིན་ན་  ཁྲིམས་ཁང་གིས་ ཧ་གོ་དགོཔ་འདུག་ཟེར་ ཁྲིམས་རྩོད་པ་ ཀུན་དགའ་བསྟན་འཛིན་གྱིས་ ཞུ་ཡི།

ཁོ་གིས་འབད་བ་ཅིན་ ཁོ་གིས་ སྙོམས་སྒྲིག་འབད་མི་དེ་ ཁོ་གིས་ལོག་སྤྱོད་འབད་འབདཝ་མེན་པར་ བདེ་སྲུང་སྦྱོང་བརྡར་ལས་རིམ་གྱི་དོན་ལུ་བཏང་པའི་སྐབས་ སྙོམས་སྒྲིག་འབད་འབདཝ་ཨིན་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ཁོང་དམག་སྡེ་ནང་ ཧ་གོ་དགོཔ་ཅིག་ འགོ་དཔོན་གྱིས་ སླབ་མི་དེ་ཡང་ བདེན་པ་ཡོདཔ་སྦེ་ བརྩི་ནི་མ་གཏོགས་ མི་བདེན་པས་ཟེར་ ལོག་དྲི་བ་བཀོད་ཐབས་ མེད་ཟེར་ཨིན་པས།

ད་ལྟོ་ཚུན་ ཁོ་གིས་ བདེ་སྲུང་སྦྱོང་བརྡར་གྱི་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ གོང་མའི་བཀའ་དང་འཁྲིལ་ཏེ་ ཕྱག་ཞུ་ཡོདཔ་ལས་ མཐའན་མཇུག་ལུ་ལྷོདཔ་ད་ ཁོང་ལུ་ དྲང་ཁྲིམས་འཐོབ་དགོཔ་ཨིན་ཟེར་ ལིང་དཔོན་ལིང་རྒྱས་རྒྱ་མཚོ་གིས་ ཞུ་བ་ཕུལ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *