ལིང་དཔོན་ཀུན་དགའ་ནོར་བུ་གིས་ ཉེས་འཛུགལ་བཀལ་མི་ལུ་ ངོས་ལེན་མེད་པའི་ཞུ་བ།

༉ སྤྱི་ཟླ་༤ པའི་ཚེས་༢ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ བདེ་སྲུང་སྦྱོང་བརྡར་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་ཁྲིམས་ཕོག་མི་ ལིང་དཔོན་ཀུན་དགའ་ནོར་བུ་གིས་ རྩོད་དོན་དག་པ་ཅིག་ནང་ ཁོ་ར་ འབྲེལ་བ་མེད་རུང་ ཁོ་ལུ་ ཉེས་ཁྲིམས་བཀལ་ནུག་ཟེར་ཞུ་ཡི།
ཀུན་དགའ་ནོར་བུ་དེ་ དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ནང་ བདེ་སྲུང་ཤོ་ཐེངས་༡༨ པ་ སྦྱོང་བརྡར་བྱིན་པའི་སྐབས་དང་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་གནང་པའི་སྐབས་ལུ་ དངུལ་ཀྲམ་བསྡོམས་ས་ཡ་༡.༡ ཚུལ་མིན་སྤྱོད་པའི་ ཉེས་ཁྲིམས་ཕོག་སྟེ་ཡོདཔ་ཨིན་པས།
ཁོ་ལུ་ སྤུ་ན་ཁ་ལུ་ དབང་ལུང་གནང་པའི་སྐབས་ དངུལ་ཀྲམ་༥,༨༠,༠༠༠ ཤ་ཁང་དང་ མངར་རྫས་ཚོང་ཁང་གཉིས་བརྩིས་ཏེ་ ཚོང་ཁང་བཞི་ལས་ རྩིས་བཱིལ་མཐོ་སུ་བཟོ་ཡོད་པའི་ ཉེས་འཛུགས་ཐོག་ ཉེས་ཁྲིམས་བཀལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོང་པ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ ཁོ་རའི་ལས་རོགསཔ་ དཔལ་རྒྱབ་དབང་ཕྱུག་ཨིནམ་ལས་ ཁོ་དང་ཚོང་པ་བཞི་གིས་ ཉེས་འཛུགས་ཚུ་ ར་ཁུངས་བཀལ་ཚུགས་ཟེར་ཞུ་ཡི།
སྤུ་ན་ཁ་ལུ་ དབང་གནང་པའི་སྐབས་ ཁོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཚོང་པ་ཚུ་དང་གཅིག་ཁར་ འབྲེལ་བ་འབད་དེ་མེདཔ་ལས་ ཁོ་ལུ་ཉེས་འཛུགས་བཀལ་མི་ཚུ་ མི་བདེན་ཟེར་ཞུ་ཡི།
ཁོ་གིས་ཞུ་མིའི་ནང་ དམག་སྡེ་ལྟེ་བའི་ཁྲིམས་འདུན་དང་ རྩོད་བཤེར་པ་ཚུ་གིས་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ གཅིག་ཁར་ལཱ་འབད་དེ་ཡོད་མི་ འགྲུལ་འཕྲིན་ཐོག་ ཨེསི་ ཨེམ་ ཨེསི་བརྗེ་སོར་འབད་མི་ཚུ་ཡང་ ཁྲིམས་འདུན་ལུ་གསལ་སྟོན་འབད་ནུག།
ཀུན་དགའ་ནོར་བུ་གིས་ ཁོ་ལུ་ ཉེས་འཛུགས་བཀལ་མི་ཚུ་ག་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོང་པ་ཚུ་ལས་ ཚུལ་མིན་ཐོག་ ངག་བརྗོད་ལེན་མི་ཚུ་ལུ་ གཞི་བཞག་ཐོག་ལས་ བཀལ་ནུག་ཟེར་ཞུ་ཡོད་པའི་ཁར་ ཁོ་གིས་ ག་དེ་སྦེ་ མ་དངུལ་ ལོག་སྤྱོད་འབད་ཡོདཔ་ཨིན་ནའི་སྐོར་ལས་ ཁ་གསལ་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཞུ་ཡི།
ཨིན་རུང་ ཁྲིམས་ཚབ་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩིས་སྒྲིག་འབད་ཡོད་པའི་སྐོར་ལས་ ཁས་བླངས་ཐོག་ལུ་ ཁེ་ལེན་འབད་ཡོདཔ་ལས་ དེ་གི་བདེན་ཁུངས་བཀལ་ནི་དེ་ཡང་ ལིང་དཔོན་ཀུན་དགའ་ནོར་བུ་དང་ ལས་རོགསཔ་ལུ་ ཕོགཔ་མས་ཟེར་ཞུ་ཡི།
ཀུན་དགའ་ནོར་བུ་གིས་ གལ་ཆེའི་གནས་སྟངས་ཐོག་ལུ་ རྩིས་མཉམ་སྡེབ་འབད་མི་ལུ་ ཁྲིམས་འདུན་གྱིས་ ཁྲིམས་འགལ་མེནམ་སྦེ་ ཆ་བཞག་ཡོད་མིའི་འཁྲུན་ཆོད་ཀྱི་འདྲ་ཚུ་ ཁྲིམས་འདུན་ལུ་ཕུལ་ཡོདཔ་ད་ དམག་སྡེའི་ཁྲིམས་ཚབ་ཚུ་ལུ་ ཉེས་ཁྲིམས་བཀལ་ཡོད་མི་ཚུ་ ར་ཁུངས་བཀལ་ནིའི་དོན་ལུ་ ཁོང་གཉིས་དང་ཚོང་དཔོན་ཚུ་གིས་ ངག་བརྗོད་བྱིན་ཡོད་མི་ཚུ་ཡང་ ཕུལ་ཡོདཔ་ཨིན་པས།
ཀུན་དགའ་ནོར་བུ་གིས་ བཞེས་སྒོའི་ལྷམ་པ་དང་ ལྷག་ལུས་ཐོན་མི་ རྒྱགས་སྐལ་ཚུ་ལོག་སྟེ་བྱིན་མི་དང་ ཁྲལ་གྱི་སྦྱོར་རྟགས་ཀྱི་འདྲ་པར་ཚུ་ལུ་ ཁོ་རའི་འགོ་དཔོན་གྱིས་ མཚོན་རྟགས་བཀོད་ཡོད་མི་ཡང་ ཁྲིམས་འདུན་ལུ་ཕུལ་ཡོདཔ་ད་ ཁོ་གིས་ ཚོང་པ་ཚུ་གིས་ ཚུལ་མིན་ཐོག་ལས་ལེན་མི་ ངག་བརྗོད་ཚུ་ སྒྲུབ་བྱེད་སྦེ་ ངོས་ལེན་འབད་ནི་ཨིན་ན་ཟེར་ ཞུ་ཡི།
དམག་སྡེའི་ཁྲིམས་ཚབ་ཚུ་གིས་ རྩོད་བཤེར་འབད་མི་དང་ ཚོང་པ་ཚུ་གིས་ ཐོག་མའི་ཁྲིམས་འདུན་ལུ་ལྷོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བྱིན་མི་ ངག་བརྗོད་དེ་ སོར་ཏེ་ཞུ་ཡི་ཟེར་བཤད་ཅི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོང་པ་ ཀར་ན་བྷ་དུར་ ཁར་ཀ་ལས་ ངག་བརྗོད་ལེན་པའི་སྐབས་ ཁོ་ར་ སེམས་ཁམས་ཀྱི་ནད་གཞི་ཡོད་པའི་ ར་ཁུངས་བཀལ་ནིའི་དོན་ལུ་ གསོ་བའི་སྙན་ཞུ་ཚུ་ ཁྲིམས་འདུན་ལུ་ ཕུལ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *