ལི་མི་རི་ཌེན་ཟ་ཁང་གིས་ དངུལ་འབྲེལ་མཐུན་རྐྱེན་ཐོག་ལས་ དངུལ་ཀྲམ་ས་ཡ་༧༦.༨༨ ལྷགཔ་ཅིག་ ཁེ་ཕན་ཐོབ་ནུག་ཟེར་ གཞུང་གིས་ ཁ་ཉེས་བཀལཝ་ཨིན་པས།

ལི་མི་རི་ཌེན་ཟ་ཁང་ལུ་ དངུལ་འབྲེལ་མཐུན་རྐྱེན་གནང་མི་ལུ་ གཞུང་གིས་ ཞིབ་དཔྱད་རྐྱབ་དགོ་པའི་ཞུ་བ།

༉ གཞུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ འདས་པའི་གཞུང་གི་སྐབས་ དངུལ་འབྲེལ་མཐུན་རྐྱེན་གནང་མིའི་ནང་ ཞབས་ཏོག་བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་ལུ་ ཁེ་ཕན་ལྟག་སྤྲོད་ཀྱི་ གནད་དོན་ཡོད་མེད་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ ཡི་གུ་བཏང་ཡོདཔ་ཨིན་པས།
ཁ་ཙ་ གནད་དོན་དེ་གི་སྐོར་ལས་ བརྡ་བརྒྱུདཔ་ལུ་ གནས་ཚུལ་གསར་བཏོན་གནངམ་ད་འབྲེལ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ གཞུང་གིས་ རྩོད་དོན་དེ་ལུ་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ འོས་འབབ་དང་འཁྲིལ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཞུང་གི་ཉོགས་བཤད་ཡི་གུ་དེ་ སྤྱི་ཟླ་༡ པའི་ཚེས་༢༥ གི་ཕྱི་རུ་ཁམས་ཅིག་ཁར་ ཐོབ་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ བྱ་བའི་གནད་སྤྱོད་དང་འཁྲིལ་ ཐོ་བཀོད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་འོང་ཟེར་ཨིནམ་ད་ རྩོད་དོན་དེ་ སྤྱིར་བཏང་ཉོགས་བཤད་ལྷོད་མི་བཟུམ་སྦེ་ར་ ངོས་ལེན་འབད་ནི་ཨིནམ་ལས་ དུས་ཚོད་འགོར་འོང་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལས་ ལག་ལེན་འཐབ་བཞིན་དུ་ཡོད་མི་ དངུལ་འབྲེལ་མཐུན་རྐྱེན་གུ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ སྤྱི་ལོ་༢༠༡༣ ཟླ་༤ པའི་ནང་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༥༦ པ་འཚོགས་པའི་སྐབས་ ལྟ་བཤལ་གྱི གནས་ཚད་ལྡན་པའི་ ཟ་ཁང་ཚུ་ལུ་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ཚེས་༣༡ ཚུན་ གནང་ནིའི་ དངུལ་འབྲེལ་མཐུན་རྐྱེན་ཁ་སྐོང་ཐོ་ཡིག་དེ་ ཆ་འཇོག་གྲུབ་ནུག་ཟེར་ཨིན་པས།
དེ་བསྒང་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ཕུལ་ནི་གི་ སྤྱི་ཚོགས་མེད་པའི་ཁར་ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༡༧ ལུ་ གཞུང་མ་ཧྲམ་པའི་ ཉིན་གྲངས་༣ གྱི་ཧེ་མར་ དངུལ་འབྲེལ་མཐུན་རྐྱེན་གསརཔ་ ཁ་སྐོང་ཆ་འཇོག་གྲུབ་མི་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ བསྟར་སྤྱོད་ཀྱི་ གསལ་བསྒྲགས་འབད་ནུག་ཟེར་ཨིན་པས།
ད་ལྟོའི་གཞུང་ལུ་ དངུལ་འབྲེལ་མཐུན་རྐྱེན་ཁ་སྐོང་གནང་མིའི་ནང་ སྲིད་བྱུས་ཀྱི་ ངན་ལྷད་དང་ དབང་ཚད་དང་ བྱ་སྒོ་ལོག་སྤྱོད་ ཁེ་ཕན་ལྟག་སྤྲོད་ཡོད་རུང་ གསལ་སྟོན་མ་འབད་བར་བཞག་བཞགཔ་བཟུམ་ འཆར་སྣང་བྱུངམ་མས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གནས་ཚུལ་གསར་བཏོན་ནང་ ཞབས་ཏོག་བློན་པོ་བགྲེསཔ་གི་བུམོ་དེ་ ཐིམ་ཕུག་ལུ་ ཕྱི་རྒྱལ་མ་རྩ་འཛུགས་སྤྱོད་ཐོག་ གཞི་བཙུགས་འབད་མི་ བྷུ་ཊཱན་ཧོ་ཊཱེལ་ཚད་འཛིན་ཟེར་ ད་རེས་ནངས་པར་ ལེ་མི་རི་ཌེན་ཟ་ཁང་སྦེ་ འཛིན་སྐྱོང་འཐབ་མིའི་ ཇོ་བདག་ཨིནམ་བཞིན་དུ་ དེ་བསྒང་ དངུལ་འབྲེལ་མཐུན་རྐྱེན་གནངམ་ད་ ཟ་ཁང་གི་ སྒྲིང་ཁྱིམ་དེ་ བཟོ་སྐྲུན་འབད་བའི་བསྒང་ཨིན་མས་ཟེར་བཀོད་ནུག།
ལྷན་རྒྱས་གཞུང་ཚོགས་ཐེངས་༡༥༦ པ་འཚོགས་པའི་སྐབས་ བློན་ཆེན་མ་བཞུགསཔ་ལས་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ ཁྲི་འཛིན་ཐོག་ དངུལ་འབྲེལ་མཐུན་རྐྱེན་ཁ་སྐོང་དེ་ གནང་བ་གྲུབ་ཡོད་རུང་ ཁོ་ལུ་ ཁེ་ཕན་ལྟག་སྤྲོད་ཡོད་མིའི་སྐོར་ གསལ་སྟོན་མ་འབད་མི་ལུ་བརྟེན་ ཟ་ཁང་ལུ་ ཁེ་ཕན་ཐོབ་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
མཐུན་རྐྱེན་དེ་ལུ་བརྟེན་ ཟ་ཁང་༩༢ ལས་ ལེ་མི་རི་ཌེན་ཟ་ཁང་རྐྱངམ་གཅིག་གིས་ར་ དངུལ་ཀྲམ་ས་ཡ་༧༦.༨༨ ལྷགཔ་ཅིག་འབདཝ་ད་ ཁྲལ་དགོངས་ཡངས་བརྒྱ་ཆ་༤༡.༢༠ ཁེ་ཕན་ ཐོབ་ནུག་ཟེར་ཨིནམ་ད་ འདི་བཟུམ་མའི་ ཁེ་ཕན་ཐོབ་མི་ལུ་ལྟཝ་ད་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ རང་དོན་གྱི་ ཁེ་ཕན་ལུ་བལྟ་སྟེ་ དངུལ་འབྲེལ་མཐུན་རྐྱེན་གནང་ཡོདཔ་སྦེ་ གཞུང་ལུ་ འཆར་སྣང་བྱུངམ་མས་ཟེར་བཀོད་ནུག།
དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཅིག་ཨིན་མི་ ཡེ་ཤེས་སྦྱིན་པ་གིས་ མནོ་བཞིན་བསམ་བཞིན་ ཁྲིམས་དང་འཁྲིལ་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ཁར་ ཡིག་ཚང་གི་ བྱ་སྒོ་ལོག་སྤྱོད་འཐབ་སྟེ་ གྲོས་ཐག་བཅད་མི་ལུ་བརྟེན་ ཁོ་རའི་བཟའ་ཚང་འཐུས་མི་ལུ་ ཁེ་ཕན་རྒྱ་ཆེཝ་སྦེ་ར་ བྱུང་ནུག་ཟེར་བཀོད་ནུག།
གལ་སྲིད་ རྒྱལ་ཁབ་ཀྱི་ བློན་པོ་ཅིག་གིས་ ཁྲིམས་ལས་འགལ་བའི་ བྱ་སྤྱོད་འཐབ་མི་དེ་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ གདོང་ལེན་འབད་ནིའི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བརྡ་བསྐུལ་མ་འབད་བ་ཅིན་ གཞུང་གི་ཧོངས་ལས་ རྒྱལ་ཁབ་ལུ་ ཞབས་ཏོག་མ་ཞུཝ་བཟུམ་ཅིག་ འགྱོ་ནི་དང་ ལྷག་པར་དུ་ མ་འོངས་པ་ལུ་ སྤྱི་གཡོགཔ་གཞན་ཚུ་གིས་ཡང་ འདི་བཟུམ་མའི་ ངན་ལྷད་ཀྱི་ བྱ་སྤྱོད་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དོ་བཟུམ་ཅིག་སྦེ་ འགྱོ་ནི་མས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཨིན་རུང་ རྩོད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་ནི་གི་ འོས་འབབ་ཡོད་མེད་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འདི་དང་འདྲ་བའི་ རྒྱལ་ཁམས་ཀྱི་ ལས་སྡེ་གཞན་ཚུ་གིས་ སྒྲུབ་བྱེད་དང་འཁྲིལ་ ཐག་བཏོག་ནི་འོང་ཟེར་ཨིན་པས།
གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་གནང་མི་དེ་ དུས་དང་དུས་སུ་ དཔལ་འབྱོར་ཡར་དྲག་གཏང་ནིའི་ ཕན་ཐབས་ལུ་ཨིན་རུང་ སྤྱི་ལོ་༢༠༡༧ ཟླ་༥ པའི་ནང་ ད་ལྟོའི་གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མ་དངུལ་དེ་ ཏི་རུ་དཔྱད་ཡིག་སྦེ་ སྤྱི་ཚོགས་ནང་ ཕུལ་ནི་སྦེ་ ཐག་བཅད་གནང་པའི་ཤུལ་ལས་ ཧེ་མའི་ ལམ་ལུགས་དེ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ གནད་དོན་དེ་གི་སྐོར་ལས་ བསམ་འཆར་ལེན་ནིའི་དོན་ལུ་ ཞབས་ཏོག་བློན་པོ་བགྲེསཔ་དང་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ མཐར་འཁྱོལ་མ་ཚུགས།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ སྤྱི་ཚོགས་ཀྱི་འཐུས་མི་ ཡེ་ཤེས་སྦྱིན་པ་དེ་ ད་ལྟོ་ རྒྱལ་ཁབ་ནང་མེདཔ་ལས་ ཁོ་གི་མགྲིན་ཚབ་ལུ་ སླབ་མི་ཚུགས་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ འོས་ལྡན་མེད་པའི་ དུས་ཚོད་ནང་ ཉོགས་བཤད་བཀོད་མི་དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ གཞུང་གི་དམིགས་དོན་ལུ་ དྲི་བཀོད་འབདཝ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་གཞུང་དེ་ ད་ལྟོ་ གཞུང་སྐྱོང་སྦེ་ ཕྱག་ཞུ་མི་ ལྡོག་ཕྱོགས་ཀྱིས་ ཁྲལ་གྱི་གནད་དོན་སྐོར་ ཁྲིམས་སར་བསྐྱལ་ཡོདཔ་བཞིན་དུ་ དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དངུལ་འབྲེལ་མཐུན་རྐྱེན་ཆ་འཇོག་གྲུབ་སྟེ་ ལག་ལེན་འཐབ་པའི་ ནམ་དུས་ལུ་ ཉོགས་བཤད་བཀོད་ནི་མ་གཏོགས་ ད་རེས་ བཀོད་དགོ་པའི་ དམིགས་དོན་ག་ཅི་ཨིན་ན་ མི་མང་གིས་ ཧ་གོ་དགོཔ་འདུག་ཟེར་ཨིན་པས།
དེ་བསྒང་ ལྡོག་ཕྱོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ གྲོས་ཆོད་སྐོར་ལས་ ཤེས་རྟོགས་བྱུང་ཡོད་རུང་ ཉོགས་བཤད་ག་ནི་ཡང་ མ་བཀོད་ཟེར་ པདྨ་རྒྱ་མཚོ་གིས་ བཤད་པའི་ཁར་ ལྡོག་ཕྱོགས་ཀྱི་ འགན་ཁུར་དེ་ གཞུང་གིས་ འཛོལ་བ་བཟོ་ནི་ལུ་སྒུག་སྟེ་ ཤུལ་ལས་ ཉོགས་བཤད་བཀོད་ནི་དེ་མེན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *