༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ཆོས་རྒྱུགས་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་འཆང་མི་ཚུ་གི་ གྲུབ་འབྲས་གསལ་བསྒྲགས་འབད་མི་དེ་ མི་མང་གིས་ ཡིད་ཆེས་རུང་བའི་ མངོན་གསལ་ཅན་ཅིག་ཨིན་མས།
ལྷན་ཚོགས་ཀྱིས་ འདས་པའི་ལོ་གསུམ་གྱི་ གྲུབ་འབྲས་ཐོག་ལུ་ གཞི་བཞག་སྟེ་ལྟཝ་ད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་གིས་ ཆོས་རྒྱུགས་ངོ་མའི་ དབྱེ་ཁག་ནང་ དྲག་ཤོས་ཐོན་ཡོད་པའི་ ངོས་འཛིན་བྱུང་མི་དེ་ཡང་ ང་བཅས་རའི་ ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་གིས་ ཞི་གཡོག་གི་གནས་རིམ་ནང་ དགོ་མཁོ་ཆེ་བའི་ ཁྱད་ཚད་ཚུ་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་དོ་ཡོད་པའི་ བརྡ་མཚོན་ཅིག་ཨིན་མས།
ལྷན་ཚོགས་ཀྱིས་ རྒྱལ་ཁབ་ཕྱི་ཁའི་ སྤུས་ཚད་ཆུང་བའི་ མཐོ་རིམ་སློབ་གྲྭ་ཚུ་ལས་ཐོན་མི་ སློབ་ཕྲུག་ཚུ་གི་ ཤེས་ཚད་ལུ་བལྟ་སྟེ་ ཚ་གྱང་ལང་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་ངོས་འཛིན་གྱི་ གནད་དོན་དང་བསྟུནམ་ད་ ལྷན་ཚོགས་ཀྱིས་ འཕྲུལ་རིག་ནང་ མཐོ་རིམ་ཤེས་ཚད་འཆང་མི་ཚུ་གི་ གྲུབ་འབྲས་བརྟག་ཞིབ་འབད་ནི་དེ་ གལ་གནད་ཅན་ཅིག་སྦེ་ ངོས་འཛིན་བྱུང་ཡོདཔ་མ་ཚད སྤྱིར་བཏང་བརྟག་ཞིབ་ལུ་བརྟེན་ སློབ་ཕྲུག་དང་ སློབ་དཔོན་ ཕམ་ཚུ་གིས་ ནང་འཁོད་དང་ ཕྱི་ཁའི་མཐོ་རིམ་སློབ་གྲྭ་ཚུ་ གདམ་ཁ་རྐྱབ་ནི་ལུ་ ལམ་སྟོན་བྱིན་ཚུགས་ནི་ཨིན་མས།
གཅིག་ལས་བལྟ་བ་ཅིན་ ང་བཅས་རའི་ ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་དང་ སྤེལ་ཁང་ཚུ་ནང་ སློབ་ཕྲུག་གང་མང་བཙུགས་ནིའི་དོན་ལུ་ དབང་འཛིན་ཚུ་གིས་ ཐབས་ལམ་འཚོལ་ཞིབ་འབད་བ་ཅིན་ ཕམ་ཚུ་གིས་ ཁོང་རའི་ མི་ཚེ་རིང་བསགས་མི་ ཏི་རུ་དེ་ ཨ་ལུའི་ཤེས་ཡོན་དོན་ལུ་ ཟད་འགྲོ་གཏང་མ་དགོ་པའི་ ཕན་ཁྱད་འབྱུང་ནི་ཨིན་མས།
ཤེས་རིག་གྲོས་སྟོན་ལས་སྡེ་ཚུ་གིས་ ཆ་རོགས་འབད་བརྫུ་བཏབ་སྟེ་ སློབ་ཕྲུག་དང་ཕམ་ཚུ་ མགུ་སྐོར་རྐྱབ་ནི་དེ་ ཧ་ལམ་ ལང་ཤོར་ཐལ་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ཨམ་སྲུ་ཅིག་གིས་ མོ་རའི་བུ་དེ་ རྒྱ་གར་ལུ་ མཐོ་རིམ་སློབ་གྲྭ་ཅིག་ནང་ བཙུགས་པའི་སྐབས་ གྲོས་སྟོན་ལས་སྡེ་གིས་ མགུ་སྐོར་རྐྱབ་པའི་སྐོར་ལས་ བཤད་མིའི་ནང་ མོ་གི་བུ་དེ་ མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་དེ་ ལོ་གཅིག་ལང་བའི་ཤུལ་ལས་ ཐོ་བཀོད་ཅན་གྱི་ སློབ་ཕྲུག་མེན་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་མས།
ལྷན་ཚོགས་ཀྱིས་ སྙན་ཞུ་འབད་མིའི་ནང་ མཐོ་རིམ་ཤེས་ཚད་ངོས་འཛིན་གྱི་ རྩོད་རྙོགས་ནང་ འབྲེལ་གཏོགས་ཡོད་མི་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ལས་ སློབ་ཕྲུག་༡ རྐྱངམ་གཅིག་ ཞི་གཡོག་ཆོས་རྒྱུགས་ནང་ལས་ བཙག་འཐུ་འབད་ཡི་ཟེར་ཨིན་མས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ཅིག་གིས་ ཞི་གཡོག་ལུ་ར་ གདམ་ཁ་རྐྱབ་མི་དང་བསྟུན་ ཞི་གཡོག་ནང་ལས་ཡང་ དགོངས་ཞུ་འགྱོ་མི་ མང་རབས་ཅིག་ ཐོན་དོ་ཡོདཔ་ད་ ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་གི་ལོ་ནང་ ཞི་གཡོགཔ་༣༤༩ གིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་མི་ལུ་ལྟཝ་ད་ ཉིནམ་རེ་ལུ་ ཞི་གཡོགཔ་རེ་གིས་ དགོངས་ཞུ་འབད་ནུག།
མི་མང་གི་ ཞབས་ཏོག་མཁོ་སྤྲོད་འབད་ནི་དེ་ བཙག་འཐུ་ལས་གྲུབ་པའི་ འགོ་ཁྲིདཔ་ཚུ་དང་གཅིག་ཁར་ གན་ཡིག་གུ་ མཚན་རྟགས་བཀོད་མི་ལས་ལྷགཔ་སྦེ་ ལཱ་ཤུལ་གྲུབ་འབྲས་ བརྟག་ཞིབ་འབད་ནིའི་ ཐབས་ལམ་ངོ་མ་ཅིག་ཨིན་མས།
ལྷན་ཚོགས་ཀྱིས་ གན་ཡིག་ཚུ་གུ་ མཚན་རྟགས་བཀོད་ནི་ལུ་ བྱ་སྟབས་མ་བདེཝ་མེད་པ་ཅིན་ ཞི་གཡོགཔ་སྡེ་ཚན་ཅིག་གིས་ སྲིད་དོན་དབང་འཛིན་ཚུ་འབད་སར་སོང་སྟེ་ ཁོང་རའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་དང་ བར་འབྲེལ་འཐབ་དགོ་པའི་ གསལ་ཞུ་འབད་མི་དེ་གིས་ཡང་ ལྷན་ཚོགས་ལུ་ སྟབས་མ་བདེཝ་འབྱུང་དགོཔ་ཅིག་མིན་འདུག།
སྲིད་དང་འབྲེལ་བ་མེད་པའི་ ལྷན་ཚོགས་ཀྱིས་ ལཱ་ཤུལ་གྲུབ་འབྲས་གན་ཡིག་ཚུ་གུ་ མཚན་རྟགས་བཀོད་དགོཔ་ ངེས་བདེན་ཡོད་མེད་ཀྱི་ གནད་དོན་ཐོག་ བསྐྱར་ཞིབ་འབད་དགོཔ་འདུག།
ཨིན་རུང་ ལྷན་ཚོགས་ཀྱིས་ མི་སྡེ་ལུ་ཕན་པའི་ གནད་དོན་ཚུ་ དང་ལེན་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ སྲིད་དང་ཐ་དད་ཨིན་པའི་ ཞི་གཡོག་ཅིག་སྦེ་ རྒྱུན་འཛིན་འཐབ་ནི་ལུ་ ལྷག་པར་དུ་ ཤུགས་བཏོན་དགོ་ཟེར་ ཞུ་ནི་ཨིན།
Check Also
བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།
༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …