ལཱ་གཡོག་ལངམ་སྦེ་ཡོདཔ་ ངེས་བདེན་ཨིན་ན?

༉ འབྲུག་ལུ་ ལཱ་གཡོག་གི་ གནས་སྟངས་སྐོར་ལས་ སྤྱི་ཚོགས་ནང་ དྲི་བ་ཚར་རེ་བཀོདཔ་ད་ གཞུང་སྐྱོང་ཚོགས་པའི་ཧོངས་ལས་ ལན་དེ་ ནམ་ར་འབད་རུང་ ལཱ་གཡོག་གི་གོ་སྐབས་ སྟོང་ཕྲག་ལས་བཅད་དེ་ཡོད་རུང་ གོ་སྐབས་ལེན་མི་མིན་འདུག་ཟེར་མི་དེ་ར་ཨིནམ་ལས་ ལན་དེ་གིས་ ལཱ་གཡོག་མེད་པར་ སྡོད་མི་ཚུ་ལུ་ བསུན་ཁག་ཁ་བཟོ་བ་གིས་མ་ཚད་ ལཱ་གཡོག་ནང་ སྡོད་མི་ཚུ་ཡང་ ཉན་དགོ་མ་མནོ་བའི་ གནད་དོན་ཅིག་ལུ་ གྱུརཝ་ཨིན་མས།

གནསསྟངས་དེ་གི་སྐོར་ལས་ ང་བཅས་རའི་ འགོ་ཁྲིདཔ་ཚུ་གིས་ ཚབས་ཆེན་ག་དེམ་ཅིག་ཡོདཔ་ཨིན་ན་ ཧ་ར་མ་གོཝ་ཨིན་ན་ ཡང་ཅིན་ ཡ་མེད་བཙོང་སྟེ་ བཞགཔ་ཨིན་ན་ ཧ་གོ་མི་ཚུགས་པས།

ལཱ་གཡོག་གི་ དཀའ་ངལ་གནས་སྟངས་དེ་ལུ་ དམིགས་བསལ་ཐོག་ བསྐྱར་ཞིབ་མ་འབད་བར་ བཞག་པ་ཅིན་ ད་ལྟོའི་གནས་སྟངས་ལས་ ལེགས་བསྒྱུར་བཟོ་ནི་དེ་ བློ་བྱག་ཕུག་ལུ་གཏད། །བྱག་ཕུག་སྟོངམ། །ཟེར་བའི་ དཔྱེ་བཟུམ་སྦེ་ འགྱོ་ནི་གི་ ཉེན་ཁ་སྦོམ་འདུག།

ཞིབ་འཚོལ་འབད་མི་ཚུ་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ ལཱ་གཡོག་འཚོལ་མི་༢༠,༠༠༠ རེ་འཐོན་ནི་མ་གཏོགས་ མར་འབབ་འགྱོ་ནི་བཟུམ་མེད་པའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ སྒེར་སྡེ་ཚུ་གིས་ ལཱ་གཡོག་གི་ གོ་སྐབས་ཚད་གཅིག་ལས་ བཟོ་མི་ཚུགས་དོ་ཡོདཔ་ལས་ ཐབས་ལམ་བཏོན་ནི་དེ་ ད་རེས་མ་ཕྱིསནི་ རྩ་ལས་མི་ཧ་འོང་།

འདས་པའི་རེས་གཟའ་སྤེན་པ་ལུ་ བློན་ཆེན་གྱིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པར་སྡོད་མི་ ན་གཞོན་ག་ར་ལུ་ ལཱ་གཡོག་སྤྲོད་ནི་ལུ་ ལཱ་ལངམ་སྦེ་ བཟོ་བཞག་སྟེ་ཡོད་ཟེར་གསུངས་ཡི།

བློན་ཆེན་བཟུམ་སྦེ་ ཧེ་མ་ཡང་ དྲི་བ་དེ་བཀོདཔ་ད་ ལཱ་གཡོག་དེ་ མ་ལང་ལངམ་སྦེ་ཡོད་རུང་ ན་གཞོན་ཚུ་གིས་ ལེན་མི་བཏུབ་པས་ཟེར་བའི་ལན་མ་གཏོགས་ ལན་སོ་སོར་སླབ་ས་མ་གོ།

བློན་ཆེན་གྱིས་ ཚོགས་ཁང་ནང་ཞུ་མི་ ལཱ་གཡོག་གི་ ས་སྟོང་ཡོད་མི་དེ་ ངེས་གཏན་ཨིན་རུང་ ལཱ་གཡོག་ཚུ་ ག་ཅི་བཟུམ་ར་ཡོདཔ་ཨིན་ན་ཡང་ ཧ་གོ་དགོཔ་འདུག། དེ་མིན་ ལཱ་གཡོག་འཚོལ་མི་ལས་ ལཱ་མངམ་ཡོད་པ་ཅིན་ དེ་ནང་སྐྱོན་སྦོམ་ཡོད་པའི་ རྟགས་མཚན་ཨིནམ་ལས་ འགོ་ཁྲིདཔ་ཚུ་གིས་ གནད་དོན་ངོ་མ་དེ་ ག་ཅི་ཨིན་ན་ ཧ་ལེགས་ཤོམ་སྦེ་གོ་སྟེ་ ཞིབ་འཚོལ་འབད་ནི་དེ་གལ་ཆེ།

ན་གཞོན་ཚུ་གིས་ མི་ཚེ་སྐྱོང་ནིའི་དོན་ལུ་ ལཱ་གཡོག་ནང་ མ་འཛུལ་བར་ སྡོད་དགོ་མནོ་མི་ ག་ཡང་མེད་པའི་ཁར་ ལཱ་གཡོག་འཚོལ་མི་ མང་ཤོས་ཀྱིས་ གཡུས་ཁར་ཡོད་མི་ ཕམ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ རེ་བ་ཡོད་རུང་ སེམས་ཁར་ཚུད་པའི་ ལཱ་གཡོག་མ་ཐོབ་མི་དེ་ཨིན་མས།

ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་དགོ་པ་ཅིན་ ཁག་ཆེ་ཤོས་ར་ དངུལ་ཕོགས་དེ་ཨིནམ་བཞིན་དུ་ དངུལ་ཕོགས་དེ་ ག་དེ་དྲག་དྲག་ ལེགས་ཤོམ་སྦེ་ བྱིན་ཚུགས་པའི་ ཐབས་ལམ་ཅིག་ གཞུང་གིས་ ལམ་སྟོན་འབད་ཚུགས་པ་ཅིན་ ན་གཞོན་ཚུ་གིས་ ལཱ་གཡོག་ལུ་ སྤྲོ་བ་མ་ལེན་པའི་ དཔྱེ་མི་སྲིད་འོང་།

འབྲུག་གི་མི་སྡེ་ནང་ ཕམ་ཚུ་ལུ་བལྟ་སྟེ་འབད་རུང་ རང་གི་བུ་གཞི་གིས་ སློབ་རིམ་༡༢ པ་དང་༡༠ པ་ལས་ མཐར་འཁྱོལ་མ་ཚུགས་རུང་ ལཱ་གཡོག་དེ་ གོ་གནས་ཆུང་ཀུ་ཅིག་ཡོད་རུང་ དེ་ལུ་ར་ རྒྱབ་སྐྱོར་འབདཝ་ཨིན་མས།

དེ་མ་ཚད་ ན་གཞོན་ཚུ་གི་ སེམས་ཁར་འབད་རུང་ དཔེ་ཆ་དེ་ཅིག་ལྷབ་པའི་ཤུལ་ལས་ ལཱ་གཡོག་ཚུལ་ལྡན་ཅིག་མེད་པ་ཅིན་ མི་སྡེ་ནང་ གདོང་བཟང་སྟེ་སྡོད་མི་ཚུགས་ཟེར་བའི་ སེམས་ཀྱི་ན་ཟུག་ཅིག་ཡོད་མི་གིས་ཡང་ ལཱ་གཡོག་ག་ཐོབ་སྦེ་ འཛུལ་ནི་ལས་འཛེམ་དོ་བཟུམ་ཚོར་སྣང་བྱུངམ་མས།

འདི་འབདཝ་ལས་ ན་གཞོན་ཚུ་གི་སེམས་མ་ཚད་ གཡུས་ཁར་སྡོད་མི་ ཕམ་ཚུ་གི་ སེམས་ལས་འགོ་བཟུང་སྟེ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ གོ་བརྡ་སྤྲོད་ནི་དེ་ཡང་ ལཱ་གཡོག་མ་ཐོབ་པའི་ གནས་སྟངས་བཟུམ་སྦེ་ར་ ཁག་ཆེཝ་སྦེ་མཐོངམ་མས།

གཞུང་གིས་འབད་རུང་ གནས་སྟངས་སྦོམ་ཤོས་ཨིན་མི་ལུ་ ལཱ་གཡོག་ལེན་མི་མིན་འདུག་ཟེར་ ཧད་འཕུལ་བཞག་ནི་མེན་པར་ ད་ཚུན་ ཐབས་ལམ་བཏོན་མི་གིས་ གྲུབ་འབྲས་དེ་ཅིག་ ཐོན་མ་ཚུགས་མི་དེ་ བསྐྱར་ཞིབ་འབད་དགོ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *