ལཱ་གཡོག་མེད་པའི་ཚད་གཞི་ བརྒྱ་ཆ་༥ ལུ་ལྷོད་ཡོདཔ།

༉ འབྲུག་ལུ་ ལཱ་གཡོག་མེད་པའི་ཚད་གཞི་བརྒྱ་ཆ་༥ ལུ་ ཡར་སེང་སོང་མི་དེ་ ད་ལྟོ་ཚུན་ མཐོ་ཤོས་ཅིག་ཨིནམ་སྦེ་ ཁ་ཙ་ གནས་ཚུལ་གསར་བཏོན་འབད་མི་ རྒྱལ་ཡོངས་ལས་མིའི་ཞིབ་འཚོལ་སྙན་ཞུ་༢༠༢༠ འི་ནང་ གསལ་བཀོད་འབད་ནུག།

ལཱ་འབད་ནིའི་ ལོ་ཚད་ལྡན་མི་ ཡོངས་བསྡོམས་མི་༣༣༡,༢༢༢ ཡོད་པའི་གྲས་ལས་ མི་༡༦,༦༦༠ དེ་ཅིག་ལུ་ ལཱ་གཡོག་མེད་མི་དང་ ལཱ་གཡོག་འཚོལ་བའི་བསྒང་ དེ་ལས་ གོ་སྐབས་འཐོབ་པའི་སྐབས་ ལཱ་འབད་མི་ཚུ་ཨིན་ཟེར་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ ཞིབ་འཚོལ་འབད་མི་དང་འཁྲིལ་བ་ཅིན་ འདས་པའི་ལོ་ནང་ ལཱ་གཡོག་མེད་པའི་ཚད་གཞི་ ཡར་འཕར་སོང་མི་དེ་ གནད་དོན་གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་དང་ ཞབས་ཏོག་ལས་སྡེ་ཚུ་ནང་ ཐོ་ཕོག་ནུག་ཟེར་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་ལུ་ རྒྱབ་སྐྱོར་དང་ གྲོགས་རམ་མ་མཛད་པ་ཅིན་ དེ་བ་ལྷགཔ་སྦེ་ དཀའ་ངལ་འཐོན་ནི་མས་ཟེར་ སྙན་ཞུ་ནང་བཀོད་ནུག།

ལཱ་གཡོག་མེད་མིའི་ནང་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མང་དོ་ཡོདཔ་ད་ དེ་ཡང་ ལཱ་གཡོག་མེད་པའི་ ཨམ་སྲུ་གི་ཚད་གཞི་དེ་ བརྒྱ་ཆ་༦ དང་ ཕོ་སྐྱེས་བརྒྱ་ཆ་༤ ཨིནམ་ད་ གྲོང་གསེབ་ནང་ ལཱ་གཡོག་མེད་པར་སྡོད་མི་དང་ཕྱདཔ་ད་ བཞི་ལྟབ་ཀྱིས་ ཁྲོམ་ཁར་སྡོད་མི་ མང་མི་དེ་ཡང་ ཁྲོམ་སྡེ་ནང་ བརྒྱ་ཆ་༡༠.༡ དང་ གྲོང་གསེབ་ནང་ བརྒྱ་ཆ་༢.༧ ཨིན་པས།

རྫོང་ཁག་ཚུ་གི་གྲས་ ལཱ་གཡོག་མེད་པར་སྡོད་མི་ མཐོ་ཤོས་ཐིམ་ཕུག་ལུ་ བརྒྱ་ཆ་༡༢.༣ དང་ སྤ་རོ་ལུ་ བརྒྱ་ཆ་༩.༤ ཆུ་ཁ་ལུ་ བརྒྱ་ཆ་༥.༨ དེ་ལས་ སྤུ་ན་ཁ་ལུ་ བརྒྱ་ཆ་༥.༢ ཨིན་པས།

ཐིམ་ཕུག་ལུ་ ལཱ་གཡོག་མེད་མི་༦,༨༧༢ དང་ སྤ་རོ་ལུ་༡,༨༩༢ ཆུ་ཁ་ལུ་༡,༦༣༧ དེ་ལས་ གསར་སྤང་ལུ་༩༧༤ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༡༥ ལས་༢༤ འི་བར་ན་འབད་མི་ ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་དེ་ བརྒྱ་ཆ་༢༢.༦ ཡོདཔ་ད་ དེ་ནང་ ན་གཞོན་༦,༩༢༢ ཡོད་པའི་གྲས་ལས་ བརྒྱ་ཆ་༣༨.༧ བུཚ་དང་ བུམོ་བརྒྱ་ཆ་༦༡.༣ ཡོདཔ་ཨིན་པས།

ན་གཞོན་ལཱ་གཡོག་མེད་པར་ གྲོང་གསེབ་ནང་སྡོད་མི་དང་ཕྱདཔ་ད་ ཁྲོམ་ཁར་སྡོད་མི་མང་དོ་ཡོདཔ་ད་ གྲོང་གསེབ་ནང་སྡོད་མི་ ན་གཞོན་༢,༧༢༡ ཡོད་མི་དེ་ བརྒྱ་ཆ་༣༩.༣ ཨིནམ་ད་ ཁྲོམ་ནང་ན་གཞོན་༤,༢༠༡ ཡོད་མི་དེ་ བརྒྱ་ཆ་༦༠.༧ ཨིན་པས།

རྫོང་ཁག་ཚུ་གི་གྲས་ལས་ ན་གཞོན་ལཱ་གཡོག་མེད་པར་ མཐོ་ཤོས་ར་ ཐིམ་ཕུག་ལུ་སྡོད་མི་དེ་ བརྒྱ་ཆ་༣༧.༡ དང་ སྤ་རོ་ལུ་ བརྒྱ་ཆ་༢༩.༦ པདྨ་དགའ་ཚལ་ལུ་ བརྒྱ་ཆ་༢༧.༨ གསར་སྤང་ལུ་ བརྒྱ་ཆ་༢༥.༣ དར་དཀར་ནང་ལུ་ བརྒྱ་ཆ་༢༤.༨ དེ་ལས་ ཆུ་ཁ་ལུ་ བརྒྱ་ཆ་༢༤.༢ ཨིན་པས།

ན་གཞོན་ལཱ་གཡོག་མེད་པར་སྡོད་མི་ཚུ་གི་གྲས་ལས་ འབྲིང་རིམ་སློབ་གྲྭ་གོང་མ་ མཇུག་བསྡུ་སྡོད་མི་བརྒྱ་ཆ་༤༥.༧ དེ་ མཐོ་ཤོས་དང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ བརྒྱ་ཆ་༢༣ དེ་ལས་ འབྲིང་རིམ་སློབ་གྲྭ་བར་མ་མཐར་འཁྱོལ་སྡོད་མི་ བརྒྱ་ཆ་༡༧.༢ ཨིན་ཟེར་ སྙན་ཞུ་ནང་གསལ་སྟོན་འབདཝ་ཨིན་པས།

ལཱ་གཡོག་བརྟག་ཞིབ་སྙན་ཞུ་༢༠༡༩ འི་ནང་ སྤྱི་ལོ་༢༠༡༩ ལུ་ ན་གཞོན་ལཱ་གཡོག་མེད་པའི་ གནས་ཚད་དེ་ བརྒྱ་ཆ་༡༡.༩ ལྷོད་ཡོདཔ་ལས་ འདས་པའི་ལོ་དང་ཕྱདཔ་ད་ མར་བབས་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ན་གཞོན་ལཱ་གཡོག་མེད་པའི་གནས་སྟངས་དེ་ བརྒྱ་ཆ་༡༥.༧ ཡོདཔ་ད་ དེ་བསྒང་ ན་གཞོན་༣,༦༢༦ ལུ་ ལཱ་གཡོག་མེད་མི་དང་ ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་ དེ་ལས་ ད་ལྟོ་ར་ ལཱ་འབད་ཆོགཔ་སྦེ་སྡོད་མི་ཚུ་ཨིན་ཟེར་བཀོད་ནུག།

ན་གཞོན་ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ བུམོ་མངམ་སྦེ་ཡོདཔ་ད་ དེ་ཡང་ བུཚ་བརྒྱ་ཆ་༩.༧ དང་ཕྱདཔ་ད་ བུམོ་བརྒྱ་ཆ་༡༣.༨ ཡོདཔ་བཞིན་དུ་ ཁྲོམ་སྡེ་དང་ གྲོང་གསེབ་ནང་སྡོད་མི་ ན་གཞོན་ཚུ་གི་གྲས་ལས་ ཁྲོམ་ནང་ བརྒྱ་ཆ་༡༩.༤ དང་ གྲོང་གསེབ་ནང་ བརྒྱ་ཆ་༧.༨ ལས་བརྒལ་མིན་འདུག།

རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ཚད་གཞི་དེ་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ སྤྱི་ལོ་༢༠༡༩ ལུ་ མར་བབས་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༩ ལུ་ བརྒྱ་ཆ་༢.༧ དང་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༣.༤ ཨིནམ་ད་ ལཱ་གཡོག་མེད་པར་སྡོད་མི་༨,༦༩༨ དེ་ཅིག་ལུ་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་ཚུ་ ལཱ་གཡོག་མེད་པར་སྡོད་མི་བརྒྱ་ཆ་༣.༣ ཨམ་སྲུ་དང་ ཕོ་སྐྱེས་དེ་ བརྒྱ་ཆ་༢.༢ ལས་མིན་འདུག།

སྤྱི་ལོ་༢༠༢༠ གི་ རྒྱལ་ཡོངས་ལས་མི་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ཟླ་༡༡ པ་དང་༡༢ པ་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ གལ་གནད་ཆེ་བའི་ གནད་དོན་བརྡ་སྟོན་འབད་ཐབས་ལུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་པས།

དེ་གི་དོན་ལུ་ རྫོང་ཁག་༢༠ ལས་ བསྡོམས་ཀྱིས་གུང་པ་༩,༠༡༢ གདམ་ཁ་རྐྱབ་ཞིནམ་ལས་ ཞིབ་འཚོལ་འབད་མིའི་ནང་ ཁྲོམ་སྡེ་དང་ཕྱདཔ་ད་ གྲོང་གསེབ་ཀྱི་ཁྱིམ་གུང་ཚུ་ མང་སུ་ལག་ལེན་འཐབ་ནུག།

དེ་ཡང་ ཁྲོམ་གྱི་གུང་པ་༣,༤༢༠ འབད་མི་དེ་ བརྒྱ་ཆ་༣༨ དང་ གྲོང་གསེབ་ནང་ གུང་པ་༥,༥༩༢ འབད་མི་དེ་ བརྒྱ་ཆ་༦༢ ཨིན་པས།

རྒྱལ་ཡོངས་ལས་མི་བརྟག་ཞིབ་སྙན་ཞུ་༢༠༢༠ དེ་ ཁ་ཙ་ གསར་བཏོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *