ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ ངེས་པར་དུ་ སེལ་ཐབས་འབད་དགོཔ།

༉ འཕྲལ་ཁམས་ཅིག་ལས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཐོག་ རྒྱལ་ཁབ་ཕྱི་ཁར་ ལཱ་འབད་བར་བཏང་མི་ འབྲུག་པའི་ན་གཞོན་ཚུ་གི་ དཀའ་ངལ་དེ་ ཚབས་ཆེན་ཅིག་སྦེ་ར་ ཐོན་དོ་ཡོད་པའི་ མངོན་གསལ་བྱུང་ཡི།

ག་འཆརཔ་ཟེར་བ་ཅིན་ ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་འཚོལ་མི་ འབྲུག་པའི་ན་གཞོན་ཤོ་ཐེངས་༢ རྒྱ་གར་ལུ་ ལས་སྡེ་ཁག་ཚུ་ནང་ ལཱ་འབད་བར་བཏང་མིའི་གྲས་ལས་ ན་གཞོན་༣༠ དེ་ཅིག་གིས་ ལོག་རྒྱལ་ཁབ་ནང་ འོང་ནི་སྦེ་ ཐག་བཅད་ནི་དེ་གིས་ཨིན།

མ་གཞི་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ འདི་བཟུམ་མའི་ ཐབས་བྱུས་བཏོན་གནང་མི་དེ་ བཀྲིན་དགའ་ཚོར་བསམ་དགོ་པའི་ གཞི་གནད་ཅིག་ཨིན་རུང་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ནང་ སྟབས་མ་བདེཝ་དང་ ཡང་ཅིན་ འཐུས་ཤོར་རེ་ བྱུང་དོ་ཡོད་པའི་ ཚོར་སྣང་ཡང་ བྱུངམ་ཨིན་མས།

ང་བཅས་ཀྱིས་ འཕྲལ་འཕྲལ་སྦེ་ར་ ལས་གཡོག་ལྷན་ཁག་དང་ ངོ་སྦྱོར་ཅན་གྱི་ གྲོས་སྟོན་པ་ཚུ་གིས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཐོག་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་བཏང་མི་ འབྲུག་མི་ཚུ་ལུ་ དཀའ་སྡུག་བྱུང་བའི་སྐོར་ལས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ གོ་ནི་འདུག།

ད་ལྟོ་ཚུན་ ཕྱི་རྒྱལ་ལུ་ ལཱ་འབད་བར་བཏང་མི་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཕྱི་ཁའི་ ལཱ་གཡོག་བྱིན་མི་ཚུ་གིས་ བརྩི་མཐོང་ལེགས་ཤོམ་མ་བསྐྱེད་པའི་ཁར་ ལཱ་གི་གནས་སྟངས་སྐྱོ་དྲགས་ ལཱ་གི་དུས་ཡུན་རིངམོ་ ཚུལ་མིན་ལོག་སྤྱོད་ དེ་ལས་ དུས་ཚོད་དང་བསྟུན་པའི་ གླ་འཐུས་བྱིན་མི་བཏུབ་པས་ཟེར་ཨིན་མས།

ཨམ་སྲུ་ཚུ་གི་ཐད་ཁར་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཉེན་སྲུང་གི་ དཀའ་ངལ་སྦོམ་སྦེ་ར་ འདུག་ཟེར་ཨིནམ་ད་ བྱ་ཐབས་མེད་པར་ ལཱ་བཀོག་བཞག་སྟེ་ རྒྱལ་ཁབ་ནང་ ལོག་འོང་དགོཔ་བྱུང་མི་ཚུ་ ད་རེས་ ལཱ་གཡོག་གི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ ལཱ་གཡོག་ཐོབ་མིའི་གྲངས་སུ་ བརྩིས་ཚར་ནི་དེ་གིས་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྒེར་གྱི་ཐོག་ལས་ འགྱོ་མི་ཚུ་མ་བརྩིས་བར་ ཕྱི་ཁར་ལཱ་འབད་མི་ འབྲུག་པའི་ན་གཞོན་༤,༠༠༠ དེ་ཅིག་འདུག།

ཕྱི་རྒྱལ་ལཱ་གཡོག་ལས་རིམ་དེ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་མིའི་ཚད་གཞི་ མར་ཕབ་རྐྱབ་ནི་ལུ་རྐྱངམ་གཅིག་ ཕན་ཐོགས་ཡོད་རུང་ དོན་ངོ་མ་ལུ་ དཔྱད་བལྟ་བ་ཅིན་ འདི་བཟུམ་མའི་ ཐབས་བྱུས་དེ་ ཡུན་རིང་གི་ དཀའ་ངལ་སེལ་ཐབས་ཅིག་ རྩ་ལས་མེན་པས།

སྤྱི་ལོ་༢༠༡༥ གི་ ལས་མིའི་ཐོ་བཀོད་དང་འཁྲིལཝ་ད་ ལཱ་གཡོག་མ་ཐོབ་མི་བརྒྱ་ཆ་༨༥ དེ་ཅིག་ སྐྱེས་ལོ་༡༥ ལས་༢༩ གི་ བར་ན་འབད་མི་ཚུ་ཨིནམ་ལས་ རྒྱལ་ཁབ་ནང་ དམིགས་བསལ་དུ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ གནས་སྟངས་དེ་ ཚབས་ཆེན་ཅིག་སྦེ་ར་ མཐོངམ་ཨིན་མས།

སྤྱིར་བཏང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ རྒྱུ་མཚན་གཙོ་བོ་ར་ ཁྱད་རིག་དང་ ལཱ་གཡོག་གཉིས་ རྟགས་མི་མཐུན་པས་ཟེར་ཨིནམ་ད་ དེ་སྦེ་ཨིན་པ་ཅིན་ སྔ་གོང་ལས་ར་ ལཱ་གཡོག་དང་མཐུན་པའི་ ཤེས་རིག་ལམ་ལུགས་ ག་ཅི་སྦེ་ བཟོ་མ་ཚུགསཔ་ཨིན་ན་ ཧ་དགོཔ་འདུག།

དེ་འབདཝ་ལས་ ང་བཅས་རའི་ འཆར་གཞི་དང་སྲིད་བྱུས་རྩམ་མི་ ཤེས་རིག་མཁན་ཚུ་གིས་ མཁྱེན་རྒྱ་ཆེ་བའི་སྒོ་ལས་ གོ་དོན་གཏིང་ཟབ་ལེན་ཞིནམ་ལས་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཚབས་ཆེན་དེ་ ངེས་པར་དུ་ སེལ་ཐབས་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *