ལཱ་གཡོག་འགྲེམ་སྟོན་ འགོ་འབྱེད་འབད་བའི་བསྒང་།

ལཱ་གཡོག་བྱིན་མི་ཚུ་གི་ རེ་འདོད་ལྟར་དུ་འཕྲུལ་རིག་གི་ ལཱ་གཡོག་འཚོལ་མི་ གངམ་མ་ཐོནམ།

༉ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལཱ་གཡོག་ཡིག་ཚང་གིས་ ལཱ་གཡོག་འགྲེམ་སྟོན་ཐེངས་༨ པ་ འགོ་འདྲེན་འཐབ་པའི་སྐབས་ བང་ཊར་ལས་ སྐྱེས་ལོ་༡༨ ལང་མི་ མོན་མཱ་ཡ་ཏ་མང་དེ་ མོ་རའི་ རེ་བ་དང་བསྟུན་པའི་ ལཱ་གཡོག་འཚོལ་ནིའི་དོན་ལུ་ འབྲེལ་སྟེགས་གཅིག་ལས་གཅིག་བརྒྱུད་དེ་ འགྱོ་སར་མཐོང་ཅི།

མོན་མཱ་ཡ་ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་ཡི་ཟེར་ཨིནམ་ད་ དེ་ལས་ཚུར་ ལཱ་གཡོག་འཚོལ་ནི་ འགོ་བཙུགས་ཅི་ཟེར་ ཨིནམ་བཞིན་དུ་ མོ་རའི་རེ་བ་དེ་ བཟའ་ཁང་ཚུ་ནང་ འཛིན་སྐྱོང་པ་འབད་ནི་དེ་ཨིནམ་ལས་ རེ་བ་དང་བསྟུན་པའི་ ལཱ་གཡོག་མིན་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ ཟད་འགྲོའི་དཀའ་ངལ་ལུ་བརྟེན་ དཔེ་ཆ་འཕྲོ་མཐུད་ ལྷབ་མ་ཚུགས་ནི་དེ་གིས་ ལཱ་ནང་འཛུལ་ནིའི་ ཐག་བཅད་ཅི་ཟེར་ཨིནམ་ད་ ལཱ་གཡོག་བྱིན་མི་ མང་ཤོས་ཅིག་གིས་ འཕྲུལ་རིག་སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ བལྟ་དོ་ཡོདཔ་ལས་ བུམ་ཐང་ཆུ་སྨད་དང་ གསར་སྤང་ལུ་ཡོད་མི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་༢ ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
མོ་ར་ གཡུས་ཁར་སྡོད་མི་ཅིག་འབདཝ་ལས་ ལཱ་གཡོག་གི་ས་སྟོང་ ག་ཅི་ར་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ལས་ དེ་བཟུམ་མའི་ འགྲེམ་སྟོན་འགོ་འདྲེན་འཐབ་མི་དེ་གིས་ ས་སྟོང་ཡོད་མི་ཚུ་གི་སྐོར་ལས་ ཤེས་ཚུགསཔ་མ་ཚད་ རང་སོའི་ རེ་བ་དང་བསྟུན་ ཞུ་ཡིག་བཙུགས་ནི་ལུ་ ཕན་ཐོགས་བྱུངམ་ལས་ རྫོང་ཁག་༢༠ ག་རའི་ནང་ འགོ་འདྲེན་འཐབ་ཚུགས་པ་ཅིན་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་མས་ཟེར་ མོན་མཱ་ཡ་ཏ་མང་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ལྷ་མོ་རྫིང་ཁ་ལས་ སྐྱེས་ལོ་༡༩ ལང་མི་ སངས་རྒྱས་སྒྲོལ་མ་ཏ་མང་གིས་ སླབ་མིའི་ནང་ ན་ཧིང་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལས་ ཟླཝ་༦ གི་རིང་ རྩིས་བསྡོམས་ཊེ་ལི་ཌེབ་ལོ་མའི་ སྦྱོང་བརྡར་འབད་སྡོད་ཅི་ཟེར་ཨིན་པས།
དེ་མ་ཚད་ འཕྲོ་མཐུད་དཔེ་ཆ་ལྷབ་པར་ འགྱོ་ནི་སྦེ་ སྡོད་ཅི་ཟེར་ཨིནམ་ད་ ཨིན་རུང་ ཕམ་༢ ཀྱིས་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་མི་དགོ་ཟེར་ སླབ་མི་ལུ་བརྟེན་ མཐའན་མཇུག་ལུ་ ཆ་མེད་བཏང་ཞིནམ་ལས་ ལཱ་གཡོག་འབད་ནིའི་དོན་ལས་ ཐག་བཅད་ཡོདཔ་ལས་ རེ་བ་དང་བསྟུན་པའི་ ལཱ་གཡོག་ཚུ་ཡང་ ཡོདཔ་ལས་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
ལུང་ཕྱོགས་ལས་གཡོག་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལཱ་གཡོག་འགྲེམ་སྟོན་དེ་ནང་ ལས་སྡེ་༡༨ དང་ ལཱ་གཡོག་འཚོལ་མི་༦༠ དེ་ལས་ སྒར་སྤང་འབྲིང་རིམ་སློབ་གྲྭ་བར་མ་དང་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མ་ གདུང་བསམ་ཨེ་ཀ་ཌ་མིག་ལས་ སློབ་རིམ་༡༠ པ་དང་༡༢ པའི་ སློབ་ཕྲུག་༣༦༡ དེ་ཅིག་གིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་ནང་ ས་ཁོངས་བཟོ་རིག་འགོ་དཔོན་དང་ ཚོང་འབྲེལ་འཛིན་སྐྱོང་པ་ དྲང་གཞགཔ་ ཉལ་ཁང་འཛིན་སྐྱོང་པའམ་ ཁང་གཉེར་ བསུ་ལེན་ལ་སོགས་པའི་ ས་སྟོང་གསལ་སྟོན་འབད་ཡོད་རུང་ མང་ཤོས་ཀྱིས་ར་ ཞིང་པ་ལས་རོགསཔ་ དང་ ཚོང་གི་ལས་གཡོགཔ་ཚུ་ལུ་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཧེ་མར་ཚར་༡ འགྲེམ་སྟོན་དེ་ བཀྲིས་སྒང་གི་ ལུང་ཕྱོགས་ཡིག་ཚང་དང་གཅིག་ཁར་ འགོ་འདྲེན་འཐབ་ཡོད་རུང་ དུས་ཅི་གི་ འགྲེམ་སྟོན་ཐེངས་༨ པ་དེ་ ལཱ་གཡོག་ནཱ་ཡོད་ གདམ་ཁ་ཁྱོད་ལུ་ཟེར་བའི་ བརྗོད་དོན་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲེམ་སྟོན་དེ་ ལཱ་གཡོག་འཚོལ་མི་དང་ བྱིན་མི་ལས་སྡེ་ཚུ་ གཅིག་ཁར་བསྡོམས་ཞིནམ་ལས་ ལཱ་གཡོག་འཚོལ་ཞིབ་འབད་ཐབས་ལུ་ཨིན་རུང་ རེ་བ་བསྐྱེད་དོ་བཟུམ་སྦེ་ འགྱོ་མི་ཚུགས་པས་ཟེར་ ཨིནམ་མ་ཚད་ ལཱ་གཡོག་འཚོལ་མི་ཚུ་གིས་ ཧ་མི་གོ་དོ་ཡོད་པའི་ཁར་ ལས་སྡེ་ཚུ་གིས་ཡང་ སྤྲོ་བ་དེ་ཅིག་ བསྐྱེད་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲེམ་སྟོན་གྱི་དོན་ལུ་ ལས་སྡེ་༢༨ གཏན་འཁེལ་བཟོ་ཡོད་རུང་ ལས་སྡེ་༡༨ ལས་བརྒལ་ འོང་མ་བཏུབ་ཟེར་ཨིནམ་ད་ འགོ་འདྲེན་འཐབ་མི་ཅིག་འབདཝ་ལས་ འགྲེམ་སྟོན་དེ་ གྲུབ་འབྲས་ཅན་བཟོ་ཐབས་ལུ་ རྩ་འགེངས་རུང་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ལས་ར་ བཅའ་མར་གཏོགས་མི་ མིན་འདུག་ཟེར་ཨིན་པས།
འགྲེམ་སྟོན་དེ་ འགོ་འདྲེན་འཐབ་པའི་སྐབས་ འབྲེལ་བ་འཐབ་ཐོག་ལས་ ལས་སྡེ་ཚུ་ གཅིག་ཁར་འཛོམས་མ་ཚུགས་མི་དེ་ གདོང་ལེན་སྦོམ་ཅིག་ཨིནམ་ད་ མ་གཞི་ ལས་སྡེ་ཆུང་ཀུ་དང་ སྦོམ་ལེ་ཤ་ཡོད་རུང་ མཐུན་འབྲེལ་དེ་ཅིག་ མེད་མི་ལུ་བརྟེན་ བརྡ་དོན་སྤྲོད་ཞིནམ་ལས་ གཏན་འཁེལ་བཟོ་ནི་ལུ་ཡང་ གདོང་ལེན་བྱུངམ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲེམ་སྟོན་ནང་ བཅའ་མར་གཏོགས་མི་ ལས་སྡེ་ལ་ལོ་ཅིག་གིས་ ག་དེ་སྦེ་ འགྲེམ་སྟོན་འབད་ནི་ཨིན་ན་ཚུ་ ཤེས་རྟོགས་མེད་པའི་ཁར་ ལ་ལོ་ཅིག་གིས་ བཅའ་མར་གཏོགས་ཏེ་ དོན་དག་མིན་འདུག་ཟེར་ སླབ་མི་ཡང་ ཐོནམ་མས་ཟེར་ ཨིནམ་བཞིན་དུ་ ལཱ་གཡོག་འཚོལ་མི་ཚུ་ལུ་ འགྲེམ་སྟོན་ཁག་ཆེ་བའི་སྐོར་ལས་ཡང་ དོགས་སེལ་འབད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གདོང་ལེན་གཞན་དེ་ ལཱ་གཡོག་བྱིན་མི་ ལས་སྡེ་མང་ཤོས་ཀྱིས་ར་ འཕྲུལ་རིག་སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ར་ གདམ་ཁ་རྐྱབ་དོ་ཡོད་མི་ལུ་བརྟེན་ཨིནམ་ད་ ད་ཚུན་གྱི་བར་ན་ ལུང་ཕྱོགས་ལཱ་གཡོག་ཡིག་ཚང་དང་གཅིག་ཁར་ ལཱ་གཡོག་འཚོལ་མི་༦༧༣ དེ་ཅིག་གིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *