ལས་སྡེ་ཚུ་གིས་ ཐོ་བཀོད་ཅན་གྱི་ ཟ་ཁང་ཚུ་ནང་ ལས་སྣ་འགོ་འདྲེན་འཐབ་དགོཔ།

༉ གཞུང་གི་ཟད་འགྲོ་མར་ཕབ་དང་ ཟ་ཁང་ཚུ་ལུ་ གོ་སྐབས་འདྲ་མཉམ་བྱིན་ནིའི་དོན་ལས་ གཞུང་གིས་ ལས་སྡེ་ཚུ་ལུ་ ཞལ་འཛོམས་དང་ སྦྱོང་བརྡར་ གྲོས་འཛོམས་ལ་སོགས་པ་ཚུ་ ཐོ་བཀོད་འབད་བའི་ ཟ་ཁང་ཚུ་ནང་ ལམ་སྟོན་གྱི་ གོང་ཚད་དང་འཁྲིལ་ འགོ་འདྲེན་འཐབ་དགོཔ་ཨིན་པས།

བཞེས་སྒོ་དང་ སྡོད་གནས་ དེ་ལས་ སྣུམ་འཁོར་གླ་ཁར་ལེན་ནིའི་ ཚད་ལྡན་ལམ་སྟོན་བཟོ་མི་ དངུལ་རྩིས་ལྷན་ཁག་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལམ་སྟོན་དང་འཁྲིལ་དགོ་པའི་ གསལ་བསྒྲགས་འབད་མི་དེ་ཡང་ གཞུང་གི་ལས་སྡེ་ ལ་ལོ་ཅིག་གིས་ བྱ་རིམ་དང་མ་འཁྲིལ་བར་ ཞལ་འཛོམས་ཀྱི་དོན་ལུ་ ཟ་ཁང་མཁོ་མངགས་འབད་མི་ལུ་བརྟེན་ཨིན་པས།

ལམ་སྟོན་བཏོན་དགོ་མི་དེ་ཡང་ ཟ་ཁང་དང་ སྐྱེལ་འདྲེན་ཞབས་ཏོག་ཚུ་ ལེན་ནིའི་དོན་ལུ་ ཚད་ལྡན་གྱི་ གོང་ཚད་བཟོ་ནི་དང་ གླ་ཁར་བཏང་མི་དང་ ཟ་ཁང་ཚུ་གི་ ཇོ་བདག་ཚུ་ལུ་ འོང་འབབ་བཟོ་བཅུག་ནི་ དེ་ལས་ གཞུང་གི་ལས་སྡེ་ཚུ་གིས་ ཞལ་འཛོམས་/གྲོས་འཛོམས་ཚུ་ འགོ་འདྲེན་འཐབ་ནི་གི་ གོ་སྐབས་འདྲ་མཉམ་བཟོ་ཐབས་ལུ་ཨིན་པས།

གཞུང་གི་ལས་སྡེ་ཚུ་གིས་ བྱ་སྒོའི་ལམ་ལུགས་ལུ་ གནས་དགོ་པའི་ཁར་ སྡོད་གནས་དང་ ཞལ་འཛོམས་ཁང་གི་དོན་ལུ་ ཐད་ཀར་དུ་ ཐོ་བཀོད་འབད་མི་ ཟ་ཁང་ཚུ་དང་ འབྲེལ་བ་འཐབ་ནི་མེན་པར་ རྫོང་ཁག་གིས་ ངོས་འཛིན་འབད་ཡོད་མི་ མགྲིན་ཚབ་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་དགོཔ་བཞིན་དུ་ མགྲིན་ཚབ་ཚུ་ཡང་ རྫོང་ཁག་མཁོ་སྒྲུབ་འགོ་དཔོན་ཚུ་ བཞག་སྟེ་ཡོདཔ་ཨིན་པས།

ལས་སྡེ་ཚུ་གི་ མཁོ་འདོད་བཀོད་མི་ ཟ་ཁང་ཚུ་ མགྲིན་ཚབ་ཚུ་གིས་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ སྐོར་རྒྱབ་སྦེ་ བགོ་བཀྲམ་འབད་དགོཔ་བཞིན་དུ་ རྫོང་ཁག་གིས་ ཟ་ཁང་གི་ གཞི་རྟེན་མཐུན་རྐྱེན་ཚུ་ བརྟག་ཞིབ་འབད་དགོཔ་ཨིན་པས། 

ད་རེས་ རྫོང་ཁག་༡༡ ལས་ གོང་ཚད་ཉུང་མི་དང་ གནས་ཚད་ལྡན་པའི་ ཟ་ཁང་བརྩིས་ཏེ་༧༤ དེ་ཅིག་གིས་ ལས་ཁུངས་དང་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ མཐོ་ཤོས་ར་ སྤ་རོ་རྫོང་ཁག་ནང་ ཟ་ཁང་༢༦ དང་ དམའ་ཤོས་ར་ བསམ་རྩེ་དང་ དབང་འདུས་ལས་ ཟ་ཁང་རེ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་དང་ དར་དཀར་ནང་ རྩི་རང་ པདྨ་དགའ་ཚལ་ མགར་ས་ ཧཱ་ ལྷུན་རྩེ་ མོང་སྒར་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ལས་ ཟ་ཁང་ཕུད་རྡོག་གཅིག་ཡང་ ཐོ་བཀོད་འབད་དེ་མེདཔ་ཨིན་པས།

གཞུང་གིས་ དེ་བཟུམ་མའི་ ལམ་ལུགས་བཟོ་མི་དེ་ཡང་ མོ་བཏབ་སྦེ་ ཟླཝ་༦ གི་རིང་ ལག་ལེན་འཐབ་པའི་ཤུལ་ལས་ གནས་སྟངས་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་ནི་ཨིན་པས།

རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱིས་ སྤྱི་ཟླ་༢ པའི་ཚེས་༡༠ ལུ་བཏང་མི་ གསལ་བསྒྲགས་དང་འཁྲིལཝ་ད་ འབྲེལ་ཡོད་ལས་སྡེའི་ མཁོ་སྒྲུབ་འགོ་དཔོན་ཚུ་གིས་ ལམ་ལུགས་སྐོར་ལས་ ཤེས་རྟོགས་ཡོད་རུང་ འགོ་དཔོན་ཚུ་གིས་ འགན་དབང་ལེན་པའི་སྐབས་ མཁོ་སྒྲུབ་འགོ་དཔོན་ཚུ་དང་ གྲོས་བསྟུན་མ་འབད་བའི་ཁར་ ལམ་སྟོན་དང་འཁྲིལ་ཏེ་ མ་འབད་བའི་ གནད་དོན་ཡང་ ཐོན་ཡོདཔ་ཨིན་པས།

དེ་འབདཝ་ལས་ ལས་ཁུངས་ཀྱིས་འབད་བ་ཅིན་ གཞུང་གི་ལས་སྡེ་ཚུ་གིས་ རང་སོའི་མཁོ་སྒྲུབ་འགོ་དཔོན་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ ཞལ་འཛོམས་དང་ གྲོས་འཛོམས་ དེ་ལས་ སྦྱོང་བརྡར་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཟ་ཁང་གི་དགོས་མཁོའི་ མིང་ཐོ་ཚུ་ རྫོང་ཁག་མགྲིན་ཚབ་ཚུ་ལུ་ བྱིན་གནང་ཟེར་ཨིན་པས།

དེ་གི་ཤུལ་ལས་ མགྲིན་ཚབ་ཚུ་གིས་ རང་སོའི་རྫོང་ཁག་ཚུ་ ཐོ་བཀོད་འབད་དེ་ཡོད་པའི་ ཟ་ཁང་ཚུ་ ལས་སྡེ་ཚུ་གིས་ མཁོ་འདོད་བཀོད་མི་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ནི་ཨིན་པས།

གོང་ཚད་ཉུང་བའི་ ཟ་ཁང་ནང་ མི་རེ་ལུ་ དངུལ་ཀྲམ་༨༧༥ རེ་དང་ གནས་ཚད་ཅན་གྱི་ ཐི་རི་ཨིསི་ཊར་ནང་ཨིན་པ་ཅིན་ མི་རེ་ལུ་ དངུལ་ཀྲམ་༡,༠༦༢ རེ་སྦེ་ བདེ་སྒྲིག་འབད་ཡོདཔ་ཨིན་པས།

སྤུ་ན་ཁ་རྫོང་ཁག་གི་ མཁོ་སྒྲུབ་འགོ་དཔོན་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གི་ ལས་སྡེ་ཚུ་གིས་ ལམ་སྟོན་དང་འཁྲིལ་ཏེ་ ཞལ་འཛོམས་ཀྱི་དོན་ལུ་ ཟ་ཁང་མཁོ་འདོད་བཀོདཔ་མས་ཟེར་ཨིནམ་ད་ ལས་སྡེ་ཚུ་ལས་ བཅའ་མར་གཏོགས་མིའི་ གྱངས་ཁ་ལེན་ཞིནམ་ལས་ དེ་དང་འཁྲིལ་ཏེ་ ཟ་ཁང་ཚུ་ བགོ་བཀྲམ་འབད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ རྫོང་ཁག་ནང་ ཟ་ཁང་༡༠ གྱིས་ ཐོ་བཀོད་འབད་མི་ལས་༩ འབྲེལ་འཛིན་སྦེ་ཡོདཔ་ལས་ ལས་སྡེ་ལ་ལོ་ཅིག་གིས་ ཞལ་འཛོམས་ནང་ འོང་ནི་སྦེ་ མཁོ་འདོད་བཀོད་དེ་ཡོདཔ་ལས་ ཤུལ་མའི་ བདུན་ཕྲག་ལས་ ཟ་ཁང་ག་ར་ འདུ་འཛི་ཅན་ འགྱོ་འོང་ཟེར་ཨིན་པས།

ལས་སྡེ་ལ་ལོ་ཅིག་ ལམ་ལུགས་སྐོར་ལས་ མ་ཤེས་པར་ ཞལ་འཛོམས་འཚོགས་པར་འོང་མིའི་ གནད་དོན་རེ་གཉིས་ཐོན་དོ་ཡོདཔ་ད་ སྤ་རོ་བཟུམ་ཅིག་ནང་འབད་བ་ཅིན་ ཟ་ཁང་༢༦ གིས་ ཐོ་བཀོད་འབད་མི་ལས་ ད་ལྟོ་ ཟ་ཁང་༡༡ ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞལ་འཛོམས་/གྲོས་འཛོམས་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *