ལས་སྡེ་ཁག་དང་ གཙུག་སྡེ་ ལྷན་ཁག་ཚུ་གི་ ཁྲིམས་དང་སྲིད་བྱུས་ཚུ་ མཐུན་སྒྲིག་བཟོ་ནི།

༉ ཐིམ་ཁྲོམ་གོང་འཕེལ་གཏང་ནིའི་དོན་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ འཆར་གཞི་དང་འཁྲིལ་ བཟོ་བཀོད་འབད་རུང་ གྲུབ་འབྲས་ལེགས་ཐོན་མེད་པའི་ གནད་དོན་ལེ་ཤ་ཡོདཔ་ལས་ གཞུང་གིས་ ལས་སྡེ་ཁག་དང་ གཙུག་སྡེ་ ལྷན་ཁག་ཚུ་གི་ ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དེ་ མཐུན་སྒྲིག་བཟོ་ནི་ཨིན་པས།

དེ་ཡང་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་༥ པའི་ནང་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཕུལ་བའི་སྐབས་ གྲོས་འདེབས་ཕུལ་མིའི་གུ་ གསུང་གྲོས་རྒྱས་པར་གནང་ཡི།

ལམ་གོང་ཝང་ལྕང་གི་འཐུས་མི་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ ཁྲོམ་གྱི་འཆར་གཞི་རྩམ་པའི་སྐབས་ ས་ཁྲ་བཟོ་ཚར་བའི་ཤུལ་ལས་ ལོ་༡ དང་༢ ཤུལ་ལུ་ ཁྲིམས་དང་ལམ་ལུགས་ཚུ་ བསྒྱུར་བཅོས་འགྱོ་ཡོད་མི་དང་ ཁྲོམ་སྡེ་གིས་ གནང་བ་ཚུ་ སོ་སོར་སྦེ་གནང་དོ་ཡོདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།

སྒྲིང་ཁྱིམ་ཚུ་གི་འོག་ལུ་ སྣུམ་འཁོར་བཞག་ས་བཟོ་དགོཔ་ཨིན་རུང་ ལམ་བདའ་བཞགཔ་ད་ སྒྲིག་གཞི་ལྟར་ཏུ་ འགྱོ་མི་བཏུབ་དོ་ཡོདཔ་ལས་ ད་ལས་ཕར་ འཆར་གཞི་དང་འཁྲིལ་ ཁྲིམས་བསྟར་སྤྱོད་འབད་དགོཔ་འདུག་ཟེར་ཞུ་ཡི།

དེ་འབདཝ་ལས་ དམངས་རྩིས་ཚོགས་ཆུང་གིས་ ཁྲོམ་སྡེའི་འཆར་གཞི་དང་གོང་འཕེལ་ མགུ་རྙོགས་དྲགས་ཡོད་མི་དེ་ བསལ་ནིའི་དོན་ལུ་ ལས་སྡེ་ཁག་ཚུ་ལུ་ ་ཁྲིམས་དང་སྲིད་བྱུས་ཚུ་ དུས་མཐུན་བཟོ་དགོ་པའི་གྲོས་འདེབས་ལུ་ རྒྱབ་སྐྱོར་ཕུལ་ཡི།

སྤུ་ན་ཁ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་ གཞུང་གིས་ ཁང་གླ་ཚད་ལྡན་སྦེ་སྤྲོད་ཐབས་ལུ་ འཆར་གཞི་དང་ལས་སྣ་ཚུ་ བརྩམས་ཡོད་རུང་ བརྒྱ་ཆ་༢༤ དེ་ཅིག་གིས་ ཁྱིམ་གྱི་ཇོ་བདག་ཚུ་ སྒེར་འབད་ནི་དེ་གིས་ ཞི་གཡོགཔ་དཔྱ་༣ ལས་༡ འབདཝ་ད་ མི་༡༠,༠༠༠ ལྷགཔ་ཅིག་ ཐིམ་ཕུག་ཁྲོམ་སྡེ་ནང་ སྡོདཔ་ཨིན་ཟེར་ཨིན་པས།

ཞི་གཡོགཔ་བརྒྱ་ཆ་༥༩ དེ་ཅིག་ གནས་རིམ་པི་༥ པ་འོག་རྒྱུ་ཨིནམ་ལས་ དངུལ་ཕོགས་བརྒྱ་ཆ་༤༠ ལས་༩༨ ཚུན་ ཁང་གླ་སྤྲོད་དེ་ཡོད་པའི་ སྙན་ཞུ་ཡོདཔ་ལས་ སྤྱིར་བཏང་ ཡུ་ཨེསི་ལུ་འབད་བ་ཅིན་ རང་གི་འོང་འབབ་ལས་ བརྒྱ་ཆ་༣༠ དེ་ ཁང་གླ་སྤྲོད་དགོཔ་མ་ཚད་ འབྲུག་གི་ཐབས་བྱུས་ཅིག་ནང་འབད་རུང་ རང་གི་འོང་འབབ་ལས་ བརྒྱ་ཆ་༣༥ ཁང་གླ་སྤྲོད་དགོཔ་འདུག་ཟེར་ ཞུ་ཡི།

སྤྱི་ཚོགས་ཀྱི་འཐུས་མི་གིས་ འོས་འབབ་དང་བསྟུན་ ཁྲིམས་བསྐྱར་ཞིབ་དང་ འཕྲི་སྣོན་མཛད་དགོ་པའི་ འགན་འཁྲི་ཕོག་ཡོདཔ་ལས་ འབྲུག་གི་ས་དང་ཁྱིམ་གླར་སྤྱོད་བཅའ་ཁྲིམས་༢༠༡༥ ལུ་ ཆ་འཇོག་གྲུབ་པའི་ཁར་ བཅའ་ཡིག་དང་སྒྲིག་གཞི་དེ་ སྤྱི་ལོ་༢༠༡༨ ལས་བརྩམས་ཡོད་རུང་ མི་ཚུ་གིས་ ཁྲིམས་མཐུན་སྦེ་ བསྟར་སྤྱོད་འབད་མ་ཚུགས་པར་ཡོདཔ་ལས་ ས་ཁྱིམ་གླར་སྤྱོད་ཀྱི་ཁྲིམས་དེ་ཡང་ འཕྲི་སྣོན་མཛད་དགོཔ་མིན་འདུག་ཟེར་ འཐུས་མི་གིས་ཞུ་ཡི།

གསེར་གྱི་ཐང་ རྩི་རང་སྟོད་ཀྱི་འཐུས་མི་ གར་ཇ་མཱན་རའེ་གིས་ ཞུ་མིའི་ནང་ གྲོང་གསེབ་ནང་ཡང་ དཀའ་ངལ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་གནང་བ་དེ་ རྫོང་ཁག་ལས་ལེན་པའི་སྐབས་ ས་ཁྲ་བཟོ་ནི་ལུ་ དངུལ་ཀྲམ་༣༥,༠༠༠ དེ་ཅིག་སྤྲོད་དགོ་པའི་ དཀའ་ངལ་ཡོདཔ་ལས་ ཁྲིམས་དང་སྲིད་བྱུས་ཚུ་ འཕྲི་སྣོད་མཛད་དགོཔ་ད་ ཁྱིམ་ཐོག་༡ འབད་བ་ཅིན་ ས་ཁྲ་དགོཔ་མེད་རུང་ ཁྱིམ་ཐོག་༢ ལས་ལྷག་ཡོད་པ་ཅིན་ ས་ཁྲ་བཟོ་རུང་བཏུབ་པའི་ གྲོས་འདེབས་ཕུལ་ཡི།

ལྷུན་རྩེ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསྟན་པ་རྡོ་རྗེ་གིས་ ཞུ་མིའི་ནང་ ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ ཁྲིམས་དང་སྲིད་བྱུས་ཡོད་རུང་ བསྟར་སྤྱོད་འབད་མ་ཚུགས་པའི་དཀའ་ངལ་དང་ དཀའ་ངལ་སྦོམ་ཤོས་ར་ ལས་སྡེ་ཁག་གི་བར་ན་ གཅིག་མཐུན་དང་ གཅིག་སྒྲིལ་མིན་འདུག་ཟེར་ཨིན་པས།

དཔེ་འབད་བ་ཅིན་ སྣུམ་འཁོར་ལམ་ བཟོ་སྐྲུན་འབད་བའི་ཤུལ་ལས་ གློག་ཐག་སྤྲིངས་ནི་དང་ ལཱ་གཞན་གྱི་དོན་ལུ་ ས་དོང་བཏོན་ཡི་ར་ ད་རེས་ ཚར་༥ དང་༦ དེ་ཅིག་ ལོག་ཅི་ར་ ཁྲོམ་སྡེ་གིས་ ལཱ་འབདཝ་ད་ གཞུང་གི་ རྒྱུ་དངོས་ལུ་ གྱོང་རྒུད་སྦོམ་འདུག་ཟེར་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ སྡོད་ཁྱིམ་གྱི་བཅའ་ཡིག་དེ་ གྲ་སྒྲིག་འབད་ཡོདཔ་མ་ཚད་ ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་དེ་ཡང་ གྲ་སྒྲིག་ཡོདཔ་ལས་ གནམ་དགུན་གྱི་སྤྱི་ཚོགས་ནང་ ཕུལ་ཚུགས་ཟེར་ཨིན་པས།

གཞིས་ཆགས་འཆར་གཞི་བཟོ་ཚར་སྟེ་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་ཚར་རུང་ སྡོད་ཁྱིམ་གྱི་འཆར་གཞི་དང་ གཞིས་ཆགས་ཀྱི་འཆར་གཞི་ཚུ་ མཐུན་སྒྲིག་འབད་དེ་ གཅིག་ཁར་བཙུགས་དགོ་ནི་དེ་གིས་ ལཱ་འབད་བའི་བསྒང་ཡོདཔ་མ་ཚད་ གནམ་སྟོང་གི་འཆར་གཞི་དེ་ཡང་ ད་ལྟོ་ བཀག་སྟེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།

ཁྲོམ་སྡེ་ལུ་ ཡོངས་རྫོངས་ཀྱི་ འཆར་གཞི་ཅིག་ཡོད་ཟེར་ཨིནམ་ད་ རྒྱལ་ཡོངས་གཞི་ཆགས་སྲིད་བྱུས་ཡོངས་རྫོགས་དང་ ས་གནས་ས་ཁོངས་འཆར་གཞི་དང་ རང་སོའི་འཆར་གཞི་ཚུ་ཡོདཔ་ལས་ གྲོས་འདེབས་༣ པ་དེ་ ཕུལ་དགོཔ་མིན་འདུག་ཟེར་ བློན་པོ་གིས་ ཞུ་ཡི།

ཐིམ་ཕུག་ཁྲོམ་ནང་ འཆར་གཞི་གོང་འཕེལ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ས་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མའི་ འགན་དབང་དང་འཁྲིལ་ ཁྲོམ་གྱི་འཆར་གཞི་དང་ གོང་འཕེལ་་ལས་འབྲེལ་རྩིས་ཞིབ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས། 

རྩིས་ཞིབ་དེ་ ལས་འབྲེལ་རྩིས་ཞིབ་ལུ་ མངོན་མཐོའི་རྩིས་ཞིབ་གཙུག་སྡེ་ཚུའི་ རྒྱལ་སྤྱིའི་གནས་ཚད་དང་འཁྲིལ་ འགོ་འདྲེན་འཐབ་ནུག།  

མ་ཕུག་ཁྲོམ་་ཐད་དུ་ འཆར་གཞི་དང་ གོང་འཕེལ་དང་འབྲེལ་བའི་ ཡིག་ཆ་ཨམ་དེ་ མ་ཕུག་བཟོ་བཀོད་འཆར་གཞི་ཨམ་༢༠༠༢-༢༠༢༧ ཅན་མ་ཨིནམ་ད་ འཆར་གཞི་དེ་ སྤྱི་ལོ་༢༠༠༡ ལུ་ གཞི་བཙུགས་འབད་ནུག། 

མ་ཕུག་ཁྲོམ་ནང་ ཁྲོམ་ཚོགས་འཆར་གཞི་དང་ གོང་འཕེལ་་ལས་འབྲེལ་རྩིས་ཞིབ་དེ་ རྩིས་ཞིབ་དུས་མཚམས་ སྤྱི་ལོ་༢༠༡༤ ཟླ་༡ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༣༡ ཚུན་ འགབ་སྟེ་ཡོདཔ་ད་ རྩིས་ཞིབ་ལས་སྡེ་ཚུ་ཡང་ ཞབས་ཏོག་ལྷན་ཁག་འོག་གི་ ཞབས་ཏོག་ལས་ཁུངས་དང་ མ་ཕུག་ཁྲོམ་སྡེ་ནང་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན། 

ཆད་སྐྱོན་ཚུ་ཡང་ ཐིམ་ཕུག་བཟོ་བཀོད་འཆར་གཞི་ཨམ་གཞི་བཙུགས་ནང་ འགན་ཁག་ཅན་གྱི་ ལས་སྡེ་གཙོ་ཅན་ཚུ་གིས་ བརྩོན་ཤུགས་མ་བསྐྱེད་མི་དང་ ཧིང་སངས་ས་མེདཔ་ལས་བརྟེན་ འཆར་གཞི་དམིགས་གཏད་ལས་ ཐ་དད་བྱུང་བའི་ གནད་དོན་སྦོམ་སྦེ་ བྱུང་སྟེ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁྲིམས་ཀྱི་འགན་དབང་ཧིང་སངས་ས་མེད་མི་དང་ ལས་སྡེ་གཙོ་ཅན་ཚུ་གིས་ གལ་ཆེ་བའི་ གནད་དོན་ཅན་སྦེ་ བརྩི་འཇོག་མ་འབད་ནི་དེ་གིས་ གོང་འཕེལ་གྱི་ ཆ་ཤས་མང་ཤོས་ཅིག་གི་དམིགས་གཏད་དང་འཁྲིལ་ གཞི་བཙུགས་མ་འབད་བར་འདུག་ཟེར་ཨིན་པས།

ཡང་ཅིན་ ལྷན་ཁག་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ གནས་སྟངས་དང་འཁྲིལ་ ཐ་དད་ཡོད་མི་ཚུ་ ཁྲིམས་མཐུན་བཟོ་ཡོད་པའི་ གནད་དོན་ཚུ་ཡང་ ཤེས་རྟོགས་བྱུང་ནུག།

གཞུང་གིས་ འབྲུག་གི་གནམ་སྟོང་འཆར་གཞིའི་དཔྱད་ཡིག་༢༠༡༩ ཅན་མ་དེ་ འཕྲལ་ར་ གསུང་གྲོས་གནང་ནིའི་དོན་ལུ་ སྤྱི་ཚོགས་ནང་བཙུགས་དགོཔ་ད་ འབྲུག་གི་དོན་ལུ་ ཁྲོམ་སྡེ་འཆར་གཞི་དང་ གོང་འཕེལ་གྱི་གཞི་བཀོད་ཡོངས་རྫོགས་ཅིག་དགོཔ་སྦེ་ ཚོགས་ཆུང་གིས་ གྲོས་འདེབས་༣ ཕུལ་མིའི་གུ་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ ཆ་འཇོག་གྲུབ་གནང་ཡི།

དེ་བཟུམ་སྦེ་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ སྙན་ཞུ་དེ་གུ་ དམངས་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་ ལམ་ལུགས་བསྟར་དུ་སྦེ་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ད་ དེ་ཡང་ ཚོགས་ཁང་ནང་ འཐུས་མི་༦༡ ཡོད་ས་ལས་༥༧ གྱིས་ བཏུབ་སྦེ་ཚོགས་རྒྱན་བཙུགས་ཡོདཔ་ལས་ སྤྱི་ཚོགས་ཀྱིས་ གཞུང་ལུ་ བསྟར་སྤྱོད་མཛད་ནིའི་དོན་ལུ་ གྲོས་གཞི་སྦེ་ ཕུལ་ནི་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *