ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བརྡ་དོན་ཡོངས་འབྲེལ་ འགོ་འབྱེད་འབད་བའི་བསྒང་།

ལས་སྡེ་༦ གི་ ཞབས་ཏོག་ཚུ་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ནི།

༉ མི་སེར་ཚུ་ལུ་ ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ གཞུང་ལས་ མི་སེར་གྱི་ ཞབས་ཏོག་གསར་བཙུགས་འབདཝ་དང་འབྲེལ་ ཁ་ཙ་ ཡོངས་འབྲེལ་འཆར་སྒོའི་ཐོག་ལས་ ཞབས་ཏོག་ཁ་སྐོང་༦ འགོ་འབྱེད་འབད་ཡི།
ཞབས་ཏོག་ཚུ་ཡང་ ངོ་སྦྱོར་ཡིག་ཚང་དང་ སྨན་རིགས་རྒྱུན་བཀོད་དབང་འཛིན་ སྒོ་ནོར་ལས་ཁུངས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ འབྲུག་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ དེ་ལས་ ཞབས་ཏོག་ལྷན་ཁག་ བཟོ་རིག་ཞབས་ཏོག་ལས་ཁུངས་ཚུ་ནང་ ཡོངས་འབྲེལ་ཐོག་ ཐོབ་སྤྱོད་འབད་ཚུགས་ནི་ཨིན་པས།
ད་ལས་ཕར་ མི་ཚུ་གིས་ ངོ་སྦྱོར་ཡིག་ཚང་ལས་ ཞབས་ཏོག་ཁག་༡༡ དེ་ཅིག་ ཡོངས་འབྲེལ་ཐོག་ འཐོབ་ཚུགས་ནི་ཨིནམ་ད་ དེ་ཡང་ ཞབས་ཏོག་གི་དོན་ལུ་ ཡིག་ཚང་ནང་ འགྱོ་མ་དགོ་པར་ ཞུ་ཡིག་ཚུ་ ཡོངས་འབྲེལ་ཐོག་ལས་ ཕུལ་ཚུགས་ནི་དང་ དུས་བཏབ་བཟོ་ཡོད་མི་ དུས་ཚོད་ཁར་ ངོ་སྦྱོར་ཡིག་ཚང་ནང་ རང་གི་ཡིག་ཆ་ ངོ་མ་ཚུ་འབག་སྟེ་ ངོ་སྦྱོར་བཟོ་བར་ ཚར་གཅིག་ལས་བརྒལ་ འགྱོ་མི་དགོ་ནི་ཨིན་པས།
གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨན་རིགས་རྒྱུན་བཀོད་དབང་འཛིན་དང་ ཐོ་བཀོད་འབད་མི་ ལྕོགས་གྲུབ་ཅན་གྱི་ མི་ངོ་སོ་སོའི་ ཆོག་ཐམ་བསྐྱར་གསོ་འབད་ནི་དང་ ནང་འདྲེན་དབང་ཆ་སྤྲོད་ནི་ འཕྲུལ་རིག་གི་ གནང་བ་ཞུ་ནི་ཚུ་དང་འབྲེལ་བའི་ ཞབས་ཏོག་ཁག་༦ དེ་ཅིག་ ཡོངས་འབྲེལ་ཐོག་ལས་ ལེན་ཚུགས་ཟེར་ཨིན་པས།
ཐོ་བཀོད་ལམ་ལུགས་དང་ གནས་སྡུད་གཞི་མཛོད་ཚུ་ སྒོ་ནོར་གྱི་ མཁོ་ཆས་བཀྲམ་སྤེལ་དང་ རྒྱུན་སྐྱོང་ཡར་དྲག་གཏང་ཐབས་ལུ་བཟོ་ཡོདཔ་ད་ ལམ་ལུགས་དེ་གིས་ ལོ་༡ གི་ ཉེར་མཁོ་དང་ དུས་དང་བསྟུན་པའི་ མཁོ་འདོད་དང་ ཅ་ཆས་བཀྲམ་སྤེལ་ཚུ་ བརྟན་ཏོག་ཏོག་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ཞབས་ཏོག་ཐད་ཁར་ ཁག་འབགཔ་དང་ གྲོས་བསྟུན་པའི་ ཐོ་བཀོད་དང་ ཆོག་ཐམ་བསྐྱར་གསོ་འབད་ནི་ལ་སོགས་པའི་ ཞབས་ཏོག་ཁག་སོ་སོ་ཚུ་གིས་ བཟོ་སྐྲུན་ལས་སྡེའི་ ཞབས་ཏོག་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འབྲུག་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ནང་ ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་གཞི་བཙུགས་འབད་མི་དེ་གིས་ སྡོད་ཁྱིམ་བགོ་བཀྲམ་གྱི་དོན་ལུ་ ཞུ་བ་ཕུལ་མི་དང་ སྡོད་ཁྱིམ་རྒྱུན་སྐྱོང་ཞབས་ཏོག་གི་ ཞུ་བ་ཚུ་ ཡོངས་འབྲེལ་ཐོག་ལས་ ཕུལ་ཚུགས་ནི་ཨིན་པས།
ད་རུང་ ཡོངས་འབྲེལ་ཐོག་ གནང་བ་སྤྲོད་མི་དེ་གིས་ བཟོ་སྐྲུན་གྱི་ ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་དང་ མགྱོགས་དྲགས་སྦེ་ ཕུལ་ཚུགས་ནི་མ་ཚད་ ད་ལས་ཕར་ ལས་ཁུངས་ཀྱི་ འབྲུག་གི་གོང་ཚད་ལས་འཆར་ཚུ་ ཨི་བི་ཨེསི་ཨར་གྱི་ ཡོངས་འབྲེལ་ལམ་ལུགས་ཐོག་ལས་ གསལ་སྟོན་འབད་ཚུགས་ནི་ཨིན་པས།
ཡོངས་འབྲེལ་ཞབས་ཏོག་ འགོ་འབྱེད་འབད་མི་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་མིའི་ནང་ འདི་བཟུམ་མའི་ ཞབས་ཏོག་གིས་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་བྱུང་སྟེ་ཡོད་མི་དེ་ཡང་ ཧེ་མ་འབད་བ་ཅིན་ ཞབས་ཏོག་ལེན་ནིའི་དོན་ལུ་ དུས་ཡུན་ལེ་ཤ་ འགོརཝ་ཨིན་རུང་ ད་རེས་ ཉིནམ་༡ ནང་ ལེན་ཚུགས་པས་ཟེར་ཨིན་པས།
ཞབས་ཏོག་དེ་ལུ་བརྟེན་ འཆར་གཞི་༡༢ པའི་ནང་ མི་མང་ལུ་ ཞབས་ཏོག་བྱིན་ནི་ལུ་ ལྷན་ཐབས་འབྱུང་ནི་མ་ཚད་ ངན་ལྷད་ཡང་ སྔོན་འགོག་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ལེགས་སྦྱར་བར་ དཔལ་མོ་འཕྲིན་ལས་ཀྱིས་ སྔོན་འགྲོའི་ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ ཞབས་ཏོག་ལེན་ནིའི་དོན་ལུ་ བྱ་རིམ་དང་ བདག་སྐྱོང་དང་འབྲེལ་བའི་ འགན་ཁུར་དང་ མཐུན་རྐྱེན་གནས་གོང་ཚུ་ མར་ཕབ་འབད་ཚུགས་པའི་ཁར་ དྭངས་སེལ་ཡར་དྲག་དང་ ཞབས་ཏོག་ལེན་ནིའི་ དུས་ཚོད་ཡང་ ཕར་ཕབ་འབད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
ཨིན་རུང་ མི་ཚུ་གིས་ ཞབས་ཏོག་ལེན་པའི་སྐབས་ ཡོངས་འབྲེལ་མཐུད་སྦྲེལ་དང་ ཞབས་ཏོག་དེ་ ཡོངས་རྫོགས་སྦེ་ ལག་ལེན་འཐབ་མི་མེད་མི་ དེ་ལས་ ལ་ལོ་ཅིག་གིས་ ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་ཡོད་པའི་སྐོར་ལས་ ཤེས་མི་མེད་པའི་ གདོང་ལེན་བྱུང་སྟེ་འདུག་ཟེར་ དཔལ་མོ་འཕྲིན་ལས་ཀྱིས་ བཤད་ཅི།
ཁ་ཙ་ ཞབས་ཏོག་འགོ་འབྱེད་འབད་བའི་ཤུལ་ལུ་ གཞུང་ལས་མི་སེར་ ཞབས་ཏོག་ཡིག་ཚང་གིས་ རང་སོའི་ལས་སྡེ་ཚུ་ལུ་ རྩིས་སྤྲོད་འབད་ཡི།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཡོངས་འབྲེལ་ཞབས་ཏོག་༡༠༠ ལྷགཔ་ཅིག་ཡོད་མི་ ལས་སྡེ་ཚུ་གིས ཞབས་ཏོག་དེ་ འཛིན་སྐྱོང་དང་ ལྟ་རྟོག་འབད་ནི་ཨིནམ་མ་ཚད་ ལམ་ལུགས་དེ་ཡང་ དུས་ནམ་ར་འབད་རུང་ ལག་ལེན་འཐབ་བཏུབ་སྦེ་ བཞག་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *