ལས་སྡེ་༢ ཀྱིས་ འབྲུག་གི་གློག་བརྙན་གནས་ཚད་ཡར་དྲག་གཏང་ནི་ལུ་ལྷན་ཐབས།

༉ འབྲུག་གི་གློག་བརྙན་སྟོན་ཁང་ཚུ་ ལོ་ལྷགཔ་ཅིག་གི་རིང་ སྒོ་བསྡམས་དགོཔ་བྱུང་མི་དང་བསྟུན་ སོ་ཡ་ལ་དང་ ས་སྨུག་སྒེར་སྡེ་༢ ཀྱིས་ ཡོངས་འབྲེལ་ཨིན་ཊར་ནེཊ་ཞབས་ཏོག་ཐོག་ མི་མང་ལུ་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་ སྟོན་ནིའི་དོན་ལུ་ གསར་གཏོད་ལག་ལེན་འཐབ་ཨིན་པས།

ཡོངས་འབྲེལ་ཐོག་ལས་ ཕབ་ལེན་འབད་ཞིནམ་ལས་ གློག་བརྙན་དང་ གློག་ཐུང་ སྤྲོ་སྟོན་ལས་རིམ་ དེ་ལས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཐོག་ལུ་བཟོ་མི་ ལས་རིམ་གཞན་ཡང་ མི་མང་གིས་ བལྟ་ཚུགས་ནིའི་དོན་ལུ་ དུས་ཅི་ བཟོ་ཡོདཔ་ཨིན་པས།

སོང་ཡ་ལ་གི་ བཀོད་ཁྱབ་མདོ་ཆེན་ ཨྱོན་བསོད་ནམས་ཀྱིས་ སླབ་མིའི་ནང་ ནང་འཁོད་ཀྱི་ ལམ་སྲོལ་དང་ ཁྱད་ཚད་ལྡན་པའི་ གློག་བརྙན་དང་ གློག་ཐུང་ སྤྲོ་སྟོན་ལས་རིམ་ ཞབས་ཁྲ་ དགོད་བྲ་ བློ་ཟེ་བཟོ་སྒྲིག་འབད་མི་ཚུ་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ ནང་འཁོད་ཀྱི་ བརྒྱུད་ལམ་ཐོག་ལས་ སྟོན་དོ་ཡོད་རུང་ ཡོངས་འབྲེལ་ཐོག་ གོ་སྐབས་ལེན་མ་ཚུགས་མི་དེ་ ད་རེས་ ཐོབ་སྤྱོད་འབད་ཚུགསཔ་སྦེ་ མཁོ་སྤྲོད་འབད་དོ་ཟེར་ཨིན་པས།

འབྲུག་གློག་བརྙན་ཚོགས་པའི་ནང་ འཁྲབ་རྩེདཔ་དང་ ཞབས་ཁྲ་འཐེན་མི་ དྲང་དཔོན་འབད་ནི་ དགོད་བྲ་ བློ་ཟེ་ སྲུང་འབྲི་ནི་ པར་རིས་འབྲི་ནི་ལ་སོགས་པ་ཚུ་ལུ་ ཁྱད་རིག་ལྡན་མི་དང་ ལྕོགས་གྲུབ་ཅན་གྱི་ ན་གཞོན་ལེ་ཤ་ཡོད་རུང་ གོ་སྐབས་ལེན་མ་ཚུགས་མི་ལུ་ གོ་སྐབས་བྱིན་དོ་ཟེར་ ཨྱོན་བསོད་ནམས་ཀྱིས་ བཤདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཡོངས་འབྲེལ་ཐོག་ལས་ མི་མང་ལུ་ ཞབས་ཏོག་བྱིན་ཐབས་ཀྱི་ ལས་རིམ་ཅིག་ བཟོ་བཀོད་འབད་ནིའི་ གོ་སྐབས་ལེན་ཚུགས་ཅི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ འབྲུག་པའི་ཨ་ལོ་ཚུ་གི་དོན་ལུ་ ཨང་གནས་ཅན་གྱི་ ལས་རིམ་ཅིག་ གཞི་བཙུགས་འབད་ནི་སྦེ་ འཆར་གཞི་ཡོད་རུང་ གློག་བརྙན་ཚུ་ སྟོན་མ་ཚུགས་པའི་ དཀའ་ངལ་མཐོང་ཞིནམ་ལས་ སོང་ཡ་ལ་ཟེར་མི་དེ་ བཟོ་བཀོད་འབད་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གདོང་ལེན་སྦོམ་ཤོས་ར་ ཨྱོན་བསོད་ནམས་དང་འཁྲིལཝ་ད་ གློག་བརྙན་བཟོ་མི་ཚུ་གིས་ ཟད་འགྲོ་བགོ་བཤའ་རྐྱབ་ཐོག་ལས་ གོ་སྐབས་ལེན་མི་བཏུབ་པས་ཟེར་ཨིནམ་ད་ མ་གཞི་ གློག་བརྙན་བཟོ་སྐྲུན་པ་ཚུ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ གོ་སྐབས་དེ་ཅིག་ ལེན་མི་བཏུབ་པས་ཟེར་ཨིན་པས།

ས་སྨུག་བཟོ་སྐྲུན་ལས་སྡེ་ལས་ གསར་གཏོད་མདོ་ཆེན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཐོག་ལུ་ ས་སྨུག་ཨེཔ་ནང་ ད་ལྟོ་ཚུན་ རྒྱལ་ཁབ་༦༥ ལས་ རྒྱུན་མངགས་འབད་མི་༢༠,༠༠༠ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གློག་བརྙན་ཚོགས་པའི་ནང་ བཟོ་སྐྲུན་འབད་མི་ གློག་བརྙན་ཚུ་ ཚོང་འབྲེལ་གྱི་དོན་ལུ་ བཙོང་དོ་ཡོདཔ་ལས་ དེ་བ་ལྷག་སྟེ་ འབད་མ་ཚུགས་མི་དེ་ ཟད་འགྲོ་ལུ་བརྟེན་ཨིནམ་བཞིན་དུ་ ད་རེས་ ས་སྨུག་ཨེཔ་བཟུམ་ཅིག་འབད་བ་ཅིན་ མི་སེར་ཚུ་ གསར་གཏོད་དང་ལྡནམ་སྦེ་སྡོད་ནིའི་ གོ་སྐབས་བྱིནམ་ཨིན་ཟེར་ཨིན་པས།

ན་གཞོན་གོང་འཕེལ་གཏང་ཐབས་ལུ་ ནང་དོན་དང་ བརྗོད་དོན་བཟོ་སྐྲུན་འབད་ནི་ལུ་ དམིགས་གཏད་བསྐྱེད་མི་དེ་ཡང་ ས་སྨུག་ཨེཔ་གི་ ལྟ་བ་ཨིནམ་ལས་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

ཀུན་ལེགས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཧེ་མ་ལས་ རྫོང་ཁ་དང་ ཁ་སྐད་ཐོག་ལས་ ཡོངས་འབྲེལ་ཨིན་ཊར་ནེཊ་ཚུ་ནང་མེདཔ་ལས་ ད་རེས་ནངས་པར་ ཨ་ལོ་ཚུ་གིས་ རྫོང་ཁ་ལེགས་ཤོམ་མ་ཤེས་མི་དང་ ཧ་གོ་མ་ཚུགས་མི་དེ་ གནད་དོན་དེ་ལུ་བརྟེན་ཨིན་པས་ཟེར་ཨིན་པས།

ཨིན་ཊར་ནེཊ་གི་ ཟད་འགྲོ་ལྕི་དྲགས་པའི་ཁར་ ཡོངས་འབྲེལ་ཐོག་ལས་ འཐུས་སྤྲོད་ནིའི་ མཐུན་རྐྱེན་མེད་མི་དང་ ལས་རིམ་ཚུ་བཟོ་མི་ མཁས་མཆོག་མེདཔ་མ་ཚད་  ཧེ་མ་ལས་ གཞི་བཙུགས་བཙུགསཔ་མེད་པའི་ དཀའ་ངལ་དང་ གདོང་ལེན་ལེ་ཤ་ཐོན་ཏེ་ཡོད་ཟེར་ ཀུན་ལེགས་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *