༉ ལོ་ངོ་དང་པ་ཅིག་གི་ཧེ་མ་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་པའི་སྐབས་ ས་ཁོངས་དེ་ནང་ གས་རྫས་ལག་ལེན་འཐབ་མི་ལུ་བརྟེན་ ཀྲོང་གསར་རྫོང་དང་ ཉེ་འདབས་ཀྱི་ གྲོང་ཁྱིམ་ཚུ་ལུ་ གནོད་སྐྱོན་བྱུང་ཡོད་པའི་སྐོར་ ཉོགས་བཤད་བཀོད་མི་ཐོན་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ ཞིབ་དཔྱད་ཚུ་ཡང་རྐྱབ་ནུག།
མ་གཞི་ ཀྲོང་གསར་རྫོང་གི་ གྱང་རྩིག་ཚུ་གུ་ སེར་གུ་དང་ གག་འགྲམ་ཐོན་ཡོད་མི་དེ་ ལས་འགུལ་ནང་ རྡོ་རྫས་བཀལ་བའི་ འབྱེམ་ཕོག་ནི་དེ་གིས་ཨིན་པའི་ མངོན་གསལ་མ་བྱུང་རུང་ རྫས་བམ་ལག་ལེན་མ་འཐབ་པ་ཅིན་ རྫོང་གཞིས་དང་ སྡོད་ཁྱིམ་ཚུ་གུ་ སེར་གུ་ཐོན་དགོཔ་མེད་ཟེར་ དྲི་བ་བཀོད་མི་ཐོན་ཡི།
འདི་བཟུམ་མའི་ ཉོགས་བཤད་ཐོན་པའི་ ནམ་དུས་ལུ་ ཐིམ་ཕུག་སྒྱིད་དར་གོངམ་དང་འོགམ་ དེ་ལས་ སྦྱེ་མི་ནང་ལུ་ ས་གཏེར་དང་ རྡོ་ཀ་མ་རུ་པ་ རྡོ་བཏོན་གྱི་ ས་ཁོངས་ཚུ་ནང་ ལས་སྡེ་ཚུ་གིས་ རྡོ་རྫས་ལག་ལེན་འཐབ་མི་ལུ་བརྟེན་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་གི་ ཁང་ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཁ་ཉེས་བཀལ་ཏེ་ ས་གཏེར་ལས་སྡེ་ཚུ་ ཁྲིམས་ཀྱི་འདུན་སར་བསྐྱལ་ནུག།
ཉམས་རྒུདཔ་ཚུ་གི་ ཉོགས་བཤད་ཚུ་དང་འཁྲིལ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིབ་དཔྱད་རྐྱབ་ད་ ཁྱིམ་ཚུ་ལུ་ སེར་གུ་ཐོན་མི་དེ་ རྡོ་རྫས་ཚུ་ ཚད་འཛིན་མེད་པར་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་བཞིན་དུ་ རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་གཉིས་ཆ་ར་གིས་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
ཨིན་རུང་ རྩོད་ཟླ་ས་གཏེར་ལས་སྡེ་ཚུ་གིས་ ཁེ་རྒུད་མ་བཏུབ་པར་ ད་རུང་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ལས་ ད་ལྟོ་ འཁྲུན་ཆོད་མ་གནང་པར་ བསྣར་འགྱངས་སྦེ་ ལུས་ཏེ་ཡོད་པའི་ ལོ་རྒྱུས་འདུག།
ད་རུང་ འཕྲལ་ཁམས་ཅིག་ལས་ བཀྲིས་གཡང་རྩེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ཡང་ བཟོ་སྐྲུན་ལས་སྡེ་༢ ཀྱིས་ རྡོ་རྫས་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ ཉེ་འདབས་ཀྱི་གཡུས་ཚན་ དཀོན་མཆོག་གླིང་ལུ་ སྡོད་ཁྱིམ་༣༠ དེ་ཅིག་ལུ་ གནོད་སྐྱོན་བྱུང་སྟེ་ཡོདཔ་ཨིན་མས།
གློག་མེ་ལས་འགུལ་དེ་ གཞི་བཙུགས་འབད་བའི་ ནམ་དུས་ལུ་ རྫོང་ཁག་དེ་གི་ མི་སྡེ་དཔལ་འབྱོར་ཡར་དྲག་འགྱོ་ནི་དང་ མི་སེར་ཚུ་ལུ་ཡང་ ཁེ་ཕན་སྦོམ་འབྱུང་ནི་མས་ཟེར་ ས་གནས་ཀྱི་ མི་སེར་ཚུ་ དགའ་དྲགས་ཏེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ དམ་འཛིན་ག་ནི་ཡང་མེད་པར་ རྡོ་རྫས་ཚུ་བཀལ་ཏེ་ རྡོ་སྦོམ་དང་ བྱག་དེ་ཚུ་ གས་བཏངམ་ད་ མི་གི་ཚེ་སྲོག་ལུ་ གནོད་ཉེན་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་བྱུངམ་ད་ བློ་འགྱོད་བསྐྱེད་ནི་གི་ གཞི་གནད་ཅིག་ལུ་གྱུར་ནུག།
ག་འཆརཔ་ཟེར་བ་ཅིན་ གློག་མེ་ལས་འགུལ་གཞི་བཙུགས་འབདཝ་ད་ ས་གནས་ཀྱི་ མི་ཚུ་གིས་ ཁང་གླར་སྡོད་མི་ འཐོན་ནི་མས་ཟེར་མནོ་སྟེ་ ལ་ལོ་གིས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཏེ་ ཁྱིམ་རྐྱབ་ཡོད་རུང་ ད་རེས་ རྡོ་རྫས་ལག་ལེན་འཐབ་མི་དེ་གིས་ གནོད་སྐྱོན་རྐྱབ་ཡོདཔ་ལས་ སེམས་ཕམ་བྱུང་ནུག།
མ་གཞི་ ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་མི་དེ་ རྡོ་རྫས་བཀལ་མི་ལུ་བརྟེན་ཨིནམ་ ངེས་བདེན་ཨིན་པ་ཅིན་ གློག་མེ་ལས་འགུལ་དང་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་ཨིན་རུང་ དེ་བ་ལྷགཔ་སྦེ་ རྡོ་རྫས་བཀལ་མི་ཚུ་ལུ་ལག་སྦྱང་དང་ ཉམས་མྱོང་ཡོད་མེད་ ལྟ་ཞིབ་འབད་དགོཔ་མ་ཚད་ རྡོ་རྫས་ཀྱི་ ཤུགས་ཚད་ཚུ་ ག་དེམ་ཅིག་ཚུན་ ལག་ལེན་འཐབ་ཆོགཔ་ཨིན་ན་ ཚད་འཛིན་བཟོ་ནི་དེ་ཡང་ཁག་ཆེ།
ང་བཅས་ཀྱིས་ ལྟ་རྟོག་དང་ དམ་འཛིན་ལམ་ལུགས་ སྒྲིང་སྒྲི་ལག་ལེན་མ་འཐབ་པ་ཅིན་ མི་སྡེ་ཚུ་ལུ་ ལས་འགུལ་ལུ་བརྟེན་པའི་ གནོད་སྐྱོན་མངམ་འབྱུང་ཉེན་ཡོད་ཟེར་ ཞུ་ནི་ཨིན།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …