༉ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ རྒྱ་གར་གཞུང་གིས་ འབྲུག་ལུ་ པི་ཊི་ཨེ་ལས་འགུལ་དང་ ལས་འགུལ་ཆུང་བའི་ གོང་འཕེལ་དོན་ལུ་ དངུལ་ཀྲམ་ས་ཡ་༡,༡༣༥.༧༣༢ གྲོགས་རམ་སྦེ་ གནང་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གཞུང་གི་ དཔལ་འབྱོར་དང་ཚོང་འབྲེལ་དྲུང་ཆེན་ ཨེས་ཀེ་ ཀོ་བེན་ཐཱན་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལས་རིམ་འགོ་འདྲེན་པ་གོངམ་ པ་སངས་རྡོ་རྗེ་ལུ་ དངུལ་འཛིན་ཅེཊ་གི་ཐོག་ལས་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
མ་དངུལ་ཚུ་ཡང་ པི་ཊི་ཨེ་ལས་འགུལ་གྱི་འོག་ལུ་ཡོད་པའི་ ཁྲོམ་སྡེ་འཐུང་ཆུ་བཀྲམ་སྤེལ་ལས་འགུལ་ནང་ དངུལ་ཀྲམ་ས་ཡ་༡༠༠.༣༣ དང་ གཞུང་ལས་མི་སེར་ཞབས་ཏོག་དང་ ཚོང་འབྲེལ་ཞབས་ཏོག་ལུ་ དངུལ་ཀྲམ་ས་ཡ་༢༠.༨༨ དེ་ལས་ གཞུང་གི་བརྡ་དོན་ལམ་ལུགས་ནང་ དངུལ་ཀྲམ་ས་ཡ་༡༦༣.༣ འབདཝ་ད་ དངུལ་ཀྲམ་བསྡོམས་ས་ཡ་༢༨༤.༥༡ དེ་ཅིག་ ཟད་འགྲོ་གཏང་ནི་ཨིན་པས།
དེ་ལས་ དངུལ་ཀྲམ་ས་ཡ་༨༥༡.༢༢ གོང་འཕེལ་ཆུང་བའི་ལས་འགུལ་༡༠༤ ཡོད་མི་ཚུ་ནང་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་ནང་ འབྲུག་ལུ་ དངུལ་ཀྲམ་༥༤,༠༠༠ དེ་ཅིག་ བྱིན་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན་པས།
དེ་ཡང་ པི་ཊི་ཨེ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢༨,༠༠༠ དང་ ལས་འགུལ་གྲོགས་རམ་སྦེ་ དངུལ་ཀྲམ་ས་ཡ་༨,༥༠༠ དེ་ལས་ ལས་འགུལ་ཆུང་བའི་གོང་འཕེལ་དོན་ལུ་ དངུལ་ཀྲམ་ས་ཡ་༨,༥༠༠ དེ་ཅིག་ བྱིན་ནི་སྦེ་ ཁ་བཟེད་དེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ད་ཚུན་ རྒྱ་གར་གཞུང་གིས་ པི་ཊི་ཨེ་ལས་འགུལ་དོན་ལུ་ དངུལ་ཀྲམ་ས་ཡ་༡༩,༢༤༡ དང་ ལས་འགུལ་གྲོགས་རམ་དངུལ་ཀྲམ་ས་ཡ་༧,༢༢༥ དེ་ལས་ ལས་འགུལ་ཆུང་བའི་གོང་འཕེལ་དོན་ལུ་ དངུལ་ཀྲམ་ས་ཡ་༨,༠༠༡.༤༥ དེ་ཅིག་ གནང་མི་ཚུ་འབདཝ་ད་ གྲོགས་རམ་ཡོངས་བསྡོམས་ལས་ བརྒྱ་ཆ་༧༦.༥༩ དེ་ཅིག་ གནང་ཚར་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།