ལས་མི་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ དགོངས་ཕོག་བཏོན་བཞག་གི་ ཐག་མ་བཏོག་པར་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ལས་གཡོག་ལྷན་ཁག་ ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་དེ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཡོད་མི་དང་འཁྲིལ་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོ་པའི་ ཡི་གུ་བཏང་སྟེ་ བདུན་ཕྲག་ལང་སོ་རུང་ ད་ལྟོའི་བར་ན་ཡང་ ཐག་མ་བཅད་པར་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་ ཡི་གུ་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ བཏང་ཡོདཔ་ད་ གནད་དོན་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་པའི་ཁར་ ད་རིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ གྲོས་བསྟུན་འབད་ནི་ཨིན་པས།
ལྷན་ཚོགས་ལས་ ཡོངས་འབྲེལ་ཨི་མཱེལ་ཐོག་ལས་ ལན་གསལ་ལྷོད་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ གནད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ལྷོད་ནི་ཡོདཔ་བཞིན་དུ་ བྱ་རིམ་དང་འཁྲིལ་ཏེ་ ལྷན་ཚོགས་ཀྱིས་ དང་ལེན་འབད་དོ་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཡི་གུ་ལྷོད་ཞིནམ་ལས་ ལྷན་ཚོགས་ཀྱི་ ཁྲིམས་དོན་ཡིག་ཚང་གིས་ བསྐྱར་ཞིབ་འབད་དེ་ ཞིབ་རྟོག་ཚུ་ ཐག་བཅད་ནིའི་དོན་ལུ་ ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ ཕུལ་དོ་ཟེར་བཀོད་ནུག།
ཞི་གཡོགཔ་ཚུ་གི་ གནད་དོན་ག་ཅིའི་ཐད་ལས་འབད་རུང་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ཡོད་པ་ཅིན་ མི་མང་གི་ མཐུན་རྐྱེན་ཚུ་ ལག་ལེན་འཐབ་མི་ཆོག་ནི་ཨིནམ་ལས་ དེ་ཚུ་ འཛིན་སྐྱོང་འབད་ནི་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ དབང་ཚད་ཕྱིར་སྤེལ་འབད་དེ་ཡོད་ཟེར་ ཁྲིམས་དོན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མའི་ དོན་ཚན་༤༥(ཐ) པའི་ནང་ བདག་སྐྱོང་གི་ རིམ་གྱིས་པ་དང་འཁྲིལ་མ་གཏོགས་ བཏོན་གཏང་ནི་དང་ གོ་གནས་མར་ཕབ་འབད་ནི་ རྩ་བསྐྲད་ ཡང་ན་ བདག་སྐྱོང་དང་འབྲེལ་བའི་ ཉེས་བྱ་བཀལ་ནི་མེད་ཟེར་ ཡོད་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ཚར་ཡི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདག་སྐྱོང་དང་འབྲེལ་བའི་ ཉེས་བཙུགས་འབད་མི་དེ་ འཁྲུན་ཆོད་ཐོན་ཞིནམ་ལས་རྐྱངམ་གཅིག་ བསྟར་སྤྱོད་འབད་ཚུགས་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ གནད་དོན་ནང་ འབྲེལ་གཏོགས་ཡོད་མི་ ལས་གཡོག་ལྷན་ཁག་གི་ ལས་རིམ་འགོ་དཔོན་ཡང་ དགོངས་ཕོགས་གཏང་དགོ་པའི་ ཡི་གུ་བཏང་ཡོདཔ་བཞིན་དུ་ ད་ལྟོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ལུ་ ག་ཅི་འབད་ནི་ཨིན་ན་ ཐག་མ་བཅད་པར་ཡོད་མི་ལུ་ སྒུག་དོ་ཡོདཔ་ཨན་པས།
གནད་དོན་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་ལུ་ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ ཇ་པཱན་དང་ རྒྱ་གར་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཁག་གཉིས་ནང་ འབྲེལ་གཏོགས་འབད་བའི་ གནོད་འགེལ་ཁག་༤ གི་ ཉེས་འཛུགས་ཐོག་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་མི་དང་བསྟུན་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞི་གཡོག་ལྷན་ཚོགས་ལུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ གལ་སྲིད་ ཉེས་འཛུགས་ཅན་ ཤེས་རབ་བསྟན་འཛིན་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་མི་གཏང་ནི་སྦེ་ ཐག་བཏོག་པ་ཅིན་ རྩོད་བཤེར་སྐབས་ ཁྲིམས་ཀྱི་འདུན་སར་བཅརཝ་ད་ མི་མང་གི་ རྒྱུ་དངུལ་དང་ ཐོན་ཁུངས་ ཡང་ཅིན་ ཡིག་ཚང་གི་ དུས་ཚོད་ལོག་སྤྱོད་འབད་ནི་མེདཔ་ ངེས་བརྟན་བཟོ་དགོ་ཟེར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཤེས་རབ་བསྟན་འཛིན་དང་ ཨྱོན་བཀྲིས་ལུ་ ཚོང་འབྲེལ་ནང་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་ནི་ལས་ འཐུས་ཤོར་དང་ ལོག་སྤྱོད་ཀྱི་བྱ་སྒོ་ཕྱིར་ཤོལ་ གཡོ་སྒྱུ་ལག་ལེན་ དེ་ལས་ ཡིག་ཚང་གྱི་ བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ ཉེས་འཛུགས་དེ་ཡང་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁོ་རའི་བུ་ སྐལ་བཟང་ཉི་ཟླ་དང་ མཉམ་འབྲེལ་ཐོག་ འཇམ་ཤོག་བཟོ་སྐྲུན་གྱི་ ཚོང་ལཱ་ནང་ རྒྱ་གར་གྱི་མི་ཁུངས་ མ་ནཱབ་དིང་ག་ར་དེ་ གསང་བའི་ཚོང་འབྲེལ་མཉམ་རོགས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་མི་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཤེས་བཞིན་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་ མ་འབད་བར་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་སྦེ་ བཅའ་མར་གཏོགས་ནུག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *