ལས་མི་བརྟག་ཞིབ་སྙན་ཞུ་ འཕྲལ་མགྱོགས་ར་ གསར་བཏོན་འབད་ནི།

༉ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༦ གི་ ལས་མི་བརྟག་ཞིབ་སྙན་ཞུ་ གནས་སྐབས་ཅིག་ གསར་བཏོན་མ་འབད་བར་ བཞག་ཡོད་མི་དེ་ འཕྲལ་མགྱོགས་ར་ གསར་བཏོན་འབད་ནི་ཨིན་པས།
མ་གཞི་ ལས་གཡོག་བརྟག་ཞིབ་སྙན་ཞུ་ ཐེངས་༡༤ པ་དེ་ ཧེ་མ་ལས་ གསར་བཏོན་འབད་དགོཔ་ཅིག་ཨིན་རུང་ བརྟག་ཞིབ་སྙན་ཞུ་ ལ་ལོ་ཅིག་ནང་ ནོར་འཕྲུལ་ཡོད་པའི་ཁར་ ལཱ་གཡོག་ཐབས་རིག་སྡེ་ཚན་གྱིས་ ཐབས་རིག་གི་ དཔེ་ཚད་ནང་ སྟབས་མ་བདེཝ་ དེ་ལས་ བརྟག་ཞིབ་ཀྱི་ཐབས་ལམ་ནང་ སྐྱོན་ཡོད་མི་ལུ་བརྟེན་ གནས་སྐབས་ཅིག་ གསར་བཏོན་འབད་མ་ཚུགས་པར་ལུས་སོ་ནུག།
ལས་གཡོག་ལྷན་ཁག་གི་ ལཱ་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་ ལས་མི་བརྟག་ཞིབ་ནང་ སྐྱོན་ཡོདཔ་ལས་ བརྟག་ཞིབ་ཐབས་ལམ་་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ ནོར་བ་སྦོམ་ཅིག་ ག་ནི་ཡང་ མ་མཐོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྙན་ཞུ་དེ་ ལྷན་ཁག་ནང་ གལ་གནད་ཅན་གྱི་ ཡིག་ཆ་ཅིག་ཨིནམ་ལས་ སྙན་ཞུ་གྲ་སྒྲིག་འབད་ནི་ལུ་ ལྷན་ཁག་གི་ཁ་ཐུག་ལས་ བརྩོན་ཤུགས་བསྐྱེད་ཡོད་པའི་ཁར་ སྙན་ཞུ་དེ་གིས་ རྒྱལ་ཁབ་ནང་ ལོ་བསྟར་གྱི་ ལས་མི་གནས་སྟངས་ཀྱི་ ཁྱད་པར་ཚུ་ ཤེས་རྟོགས་འབྱུང་ཚུགས་ནི་དང་ གནད་སྡུད་ཚུ་ གཏན་འཁེལ་བཟོ་ཚུགས་ནི་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་ནི་དེ་ ལས་གཡོག་ལྷན་ཁག་གིས་ གཏན་འཇགས་ཀྱི་ ལས་རིམ་ཅིག་ཨིནམ་ད་ ལྷན་ཁག་གིས་ བརྟག་ཞིབ་མ་འབད་བའི་ཧེ་མར་ འབྲུག་རྩིས་དཔྱད་བཀོད་འཛིན་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ འགོ་འདྲེན་འཐབ་དོ་ཟེར་ སླབ་ཨིན་པས།
ད་རེས་ ལྷན་ཁག་ནང་ ལས་མི་བརྟག་ཞིབ་འབད་ནི་ལུ་ མི་སྟོབས་མ་ལངམ་མེན་པར་ གལ་སྲིད་ ལྷན་ཁག་གིས་ བརྟག་ཞིབ་འབད་བའི་སྐབས་ ཁེ་ཕན་ལྟག་སྤྲོད་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ ལས་མི་བརྟག་ཞིབ་དེ་ སྤྱི་ཚོགས་ཀྱིས་ འབྲུག་རྩིས་དཔྱད་བཀོད་འཛིན་གྱིས་ འབག་དགོཔ་སྦེ་ གྲོས་ཐག་བཅད་ཅི།
ཨིན་རུང་ སྤྱི་ལོ་༢༠༡༧ གྱི་ ལས་མི་བརྟག་ཞིབ་དེ་ ལྷན་ཁག་གིས་ འཕྲོ་མཐུད་འབད་ནི་ཨིནམ་ད་ རྩིས་དཔྱད་བཀོད་འཛིན་གྱིས་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་ནི་ཨིན་པས།
ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ གི་ ལས་མི་བརྟག་ཞིབ་ནང་ རྒྱལ་ཁབ་ནང་ ཨམ་སྲུ་ལཱ་གཡོག་མེད་པའི་ ཚད་གཞི་དེ་ མཐོ་དྲགས་ཡོད་རུང་ ན་ཧིང་ དམིགས་བསལ་དུ་ ཨམ་སྲུ་ཚུ་གི་དོན་ལུ་ ལས་རིམ་སྣ་ཚོགས་ བཏོན་མི་ལུ་བརྟེན་ ལཱ་གཡོག་མེད་པའི་ གྱངས་ཁ་དེ་ མར་བབས་སོ་ཡི་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ བརྟག་ཞིབ་ཚུ་ ག་ཅི་ར་ཨིན་རུང་ གནས་སྡུད་ཚུ་ ངེས་བདེན་འཐོབ་ནིའི་དོན་ལུ་ འདས་པའི་ལོ་ཚུ་ནང་ འབད་དོ་བཟུམ་སྦེ་ དུས་ཚོད་ཅིག་ནང་ འགོ་འདྲེན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་བཞིན་དུ་ ལྷན་ཁག་གིས་ ལས་མི་བརྟག་ཞིབ་དེ་ཡང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༢ པའི་ནང་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ལས་མི་བརྟག་ཞིབ་འབད་བའི་སྐབས་ སྤྱིར་བཏང་བརྟག་ཞིབ་ཐབས་ལམ་ཚུ་ཡང་ རྒྱལ་སྤྱི་ལས་མིའི་ལམ་སྟོན་དང་ གནས་ཚད་ དེ་ལས་ འཛམ་གླིང་དངུལ་ཁང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་རུང་ གནས་སྟངས་ལ་ལོ་ཅིག་ནང་ གནས་སྡུད་ཚུ་ འབྲུག་པའི་ སྐབས་དོན་ཐོག་ལས་བཙུགས་དོ་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྤྱིར་བཏང་ རྩིས་དཔྱད་བཀོད་འཛིན་གྱིས་ འབྲུག་འཚོ་བའི་གནས་ཚད་བརྟག་ཞིབ་དེ་ སྤྱི་ཟླ་༣ པ་དང་༤ པའི་ནང་ འགོ་འདྲེན་འཐབ་རུང་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༢ དང་ ལས་མི་བརྟག་ཞིབ་སྙན་ཞུ་ནང་ བརྒྱ་ཆ་༢.༡ ཡོད་མི་ལུ་བལྟ་བ་ཅིན་ སྙན་ཞུ་༢ ཀྱི་བར་ན་ ཁྱད་པར་དེ་ཅིག་ར་ མིན་འདུག་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༧ གྱི་ འཚོ་བའི་གནས་ཚད་བརྟག་ཞིབ་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ ན་གཞོན་ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༡༡ དང་ ལས་མི་བརྟག་ཞིབ་སྙན་ཞུ་ནང་ བརྒྱ་ཆ་༡༣.༢ གཉིས་ཀྱི་བར་ན་ ཁྱད་པར་དུམ་གྲ་ཅིག་ ཆགས་མི་དེ་ཡང་ བརྟག་ཞིབ་ཀྱི་ དཔེ་ཚད་ཆེ་ཆུང་དང་ དུས་ཚོད་ལུ་བརྟེན་ཨིན་པས།
རྒྱལ་སྤྱི་ལས་མིའི་གནས་ཚད་དང་འཁྲིལཝ་ད་ སྙན་ཞུ་༢ ཀྱི་བར་ན་ བརྒྱ་ཆ་༥ དེ་ འོང་སྲིད་ནི་ཨིནམ་ལས ནོར་བ་མེདཔ་སྦེ་ བརྩི་འཇོག་འབད་དགོཔ་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ གྱི་ ལས་མི་བརྟག་ཞིབ་ཀྱི་དོན་ལུ་ བརྟག་ཞིབ་ཀྱི་ དཔེ་ཚད་ཡང་ རྫོང་ཁག་གི་༢༠ ནང་འཁོད་ཀྱི་ གུང་པ་༦,༠༠༠ ལས་༨༠༡༠ ལུ་དང་ གྲོང་གསེབ་ཀྱི་ དཔེ་ཚད་བརྒྱ་ཆ་༥༦ དང་ ཁྲོམ་སྡེའི་བརྒྱ་༤༤ ལུ་ ཡར་སེང་འབད་དེ་ ཡོད་ཟེར་ཨིན་པས།
དུས་ཅི་གི་ ལས་མི་བརྟག་ཞིབ་དེ་ཡང་ ད་རེས་ སྤྱི་ཟླ་༡༢ པའི་ཚེས་༤ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སང་ཕོད་ སྤྱི་ཟླ་དང་པའི་ ཚེས་༧ ལུ་ མཇུག་བསྡུ་ནི་ཨིནམ་ད་ གནས་སྡུད་ཚུ་ དུས་མཐུན་དང་ སྙན་ཞུ་བཟོ་ནི་ལུ་ དུས་ཡུན་ཟླ་ངོ་༢ འགོར་ནི་ཨིནམ་ལས་ སྤྱི་ཟླ་༤ པའི་ནང་ གསར་བཏོན་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *