ལས་གཡོག་ལྷན་ཁག་ལུ་ ལག་རྩལ་ཤེས་ཡོན་ ཡར་དྲག་གཏང་དགོཔ་སྦེ་གསུངས་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༩-༢༠ ལུ་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་དང་ དེ་ལས་ སྦྱོང་བརྡར་གྱི་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ གྲུབ་འབྲས་གཙོ་ཅན་༦ བཏོན་ནུག།
སྤྱི་ཟླ་༨ པའི་ཚེས་༥ ལུ་ ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་གིས་ བློན་ཆེན་ལུ་ ལྷན་ཁག་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་བསྐྱར་ཞིབ་ཀྱི་ གསལ་ཞུ་ཕུལ་བའི་སྐབས་ ལག་རྩལ་ཤེས་ཡོན་ ཡར་དྲག་གཏང་ཐབས་ལུ་ ལག་རྩལ་ཤེས་ཡོན་ལམ་ལུགས་ ཁྱད་རིག་ཅན་བཟོ་ནི་དང་ ལག་རྩལ་ཤེས་ཡོན་སྦྱོང་བརྡར་གྱི་ སྦྱོང་ཚན་དེ་ བརྟག་ཞིབ་དང་ ངོ་སྦྱོར་འབད་ནི་ལུ་ ལྷན་ཐབས་འབད་ནི་ཚུ་ཡོདཔ་ཨིན་པས།
དེ་མ་ཚད་ སྦྱོང་བརྡར་སྤེལ་ཁང་ཚུ་ གཞི་བཙུགས་དང་ རྒྱ་སྐྱེད་བཏང་ཐོག་ལས་ འཕྲུལ་རིག་སྦྱོང་བརྡར་དང་ བཟོ་རིགས་བཅུ་གསུམ་གྱི་ མཐུན་རྐྱེན་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ དེ་ལས་ སྒེར་སྡེ་སྦྱོང་བརྡར་སྤེལ་ཁང་དང་ ལག་རྩལ་ཤེས་ཡོན་སྦྱོང་ཚན་ཚུ་ དཔལ་འབྱོར་གྱི་ དགོས་མཁོ་དང་འཁྲིལ་ཏེ་ སོར་བསྒྱུར་འབད་ནི་གི་ ལས་རིམ་ཚུ་ཡང་ཡོད་ཟེར་ དྲུང་ཆེན་གྱིས་ ཞུ་ཡི།
ལག་རྩལ་ཤེས་ཡོན་ལམ་ལུགས་ ཁྱད་རིག་ཅན་བཟོ་ནིའི་ཐད་ལུ་ ལག་རྩལ་སློབ་སྟོན་པ་ཚུ་ ཌེབ་ལོ་མ་ཤེས་ཚད་དང་ མཐོ་དྲགས་སྦེ་ བཟོ་ནི་ཨིནམ་མ་ཚད་ འཕྲུལ་རིག་དང་ བཟོ་རིགས་བཅུ་གསུམ་མཐར་འཁྱོལ་མི་ཚུ་ རྒྱལ་ཡོངས་ཀྱི་ ལག་ཁྱེར་བྱིན་ནི་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་ དེ་ལས་ སྦྱོང་བརྡར་ཡར་དྲག་གཏང་ཐབས་ལུ་ ལས་སྣ་༢ རྐྱངམ་གཅིག་གིས་ ག་དེ་སྦེ་ སྤུས་ཚད་ཡར་དྲག་གཏང་ཚུགས་ག་ཟེར་ དྲི་བཀོད་འབད་བའི་ཁར་ ལས་སྣ་ཚུ་ཡང་ ལོག་བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་གནང་ཡི།
ལྷན་ཁག་གིས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་ དེ་ལས་ སྦྱོང་བརྡར་ཚུ་ ལེགས་བསྒྱུར་བཟོ་ནིའི་ནང་ གལ་ཅན་སྦེ་ གཙོ་རིམ་བཟུང་དགོ་པའི་ཁར་ དྲནམ་ཐེབས་བཏོན་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལས་སྣའི་ཡིག་ཆ་ནང་ སྐུགས་ཚད་དེ་ཡང་ མཐོ་སུ་ཅིག་སྦེ་ བཟོ་བ་ཅིན་ ལྷན་ཁག་གིས་འབད་རུང་ རྩིས་ལོ་མཇུག་བསྡུ་བའི་སྐབས་ གྲུབ་འབྲས་ཡང་ ལེགས་ལྡན་འཐོན་ཚུགས་ཟེར་ཨིན་པས།
གལ་སྲིད་ ལག་རྩལ་ཤེས་ཡོན་ནང་ ལྷན་ཐབས་འབད་ཚུགས་པ་ཅིན་ ལྷན་ཁག་ལས་ གཞུང་དབང་ལས་སྡེ་ཅིག་སྦེ་ བཟོ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལས་གཡོག་དྲུང་ཆེན་གྱིས་ ཞུ་མིའི་ནང ལཱ་གཡོག་འགན་འཁྲི་ལམ་ལུགས་ལག་ལེན་ གཞི་བཙུགས་ཀྱིས་མ་དོ་བར་ ལྷན་ཁག་གིས་ ཚབས་ཆེན་རིག་རྩལ་སྦྱོང་བརྡར་དང་ ལཱ་གཡོག་ལྷན་ཐབས་ ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མ་ལག་ལེན་ དེ་ལས་ དམིགས་བསལ་གྱི་ ལས་རིམ་ཚུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༩-༢༠ ལུ་ ལྷན་ཁག་༨ བསྡོམས་ཏེ་ ལཱ་གཡོག་གི་གོ་སྐབས་༡༠,༠༦༩ དམིགས་གཏད་བཀོད་ཡོདཔ་བཞིན་དུ་ ལོ་༥ འི་ནང་འཁོད་ལུ་ ལཱ་གཡོག་ས་སྟོང་༥༢,༩༣༠ བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ལོ་དེ་ནང་ ཕྱི་རྒྱལ་ལཱ་གཡོག་ནང་ མི་༡,༤༠༠ དང་ ན་གཞོན་གྲ་སྒྲིག་དང་ འཚོ་ཐབས་ལས་རིམ་བརྒྱུད་དེ་ མི་༡,༥༠༠ ལུ་ ལཱ་གཡོག་བྱིན་ནིའི་ ལས་རིམ་ཡོདཔ་ད་ བློན་ཆེན་གྱིས་ གསུངས་མིའི་ནང་ ལྷན་ཁག་ཚུ་གི་ ལས་འབྲེལ་བསྐྱར་ཞིབ་འབད་བའི་སྐབས་ མང་ཤོས་ཅིག་གིས་ ལཱ་གཡོག་བཟོ་ནི་གི་ གྱངས་ཁ་ལུ་ གཏན་འཁེལ་སྦེ་ ཤེས་རྟོགས་མེདཔ་ལས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ དམིགས་གཏད་ཚུ་ གྲུབ་ཐབས་ལུ་ ལྟ་རྟོག་འབད་དགོཔ་དེ་ གལ་ཅན་སྦེ་ མཐོང་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལཱ་གཡོག་གི་ ཚོང་ལམ་དང་ རིག་རྩལ་ཚུ་ རྟགས་མཐུནམ་སྦེ་ བཟོ་ནིའི་དོན་ལས་ ལྷན་ཁག་གིས་ གཡོག་སྤྲོད་མི་དང་ སློབ་གྲྭ་ དེ་ལས་ མཐོ་རིམ་སློབ་གྲྭ་ཚུ་དང་ གྲོས་བསྟུན་འབད་དགོ་ཟེར་ཨིན་པས།
གལ་སྲིད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་འཕྲོ་མཐུད་གནས་པ་ཅིན་ ལས་རིམ་ཚུ་ ཆ་མེད་གཏང་ནི་གི་ དུས་ཚོད་ལུ་ ལྷོད་འོང་ཟེར་ཨིནམ་ད་ ལས་རིམ་ཚུ་ འོས་འབབ་མེད་པ་ཅིན་ ལཱ་གཡོག་བྱིན་ཚུགས་པའི་ ལས་རིམ་ཚུ་ལུ་ སོར་བསྒྱུར་འབད་དགོཔ་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གིས་ ལས་རིམ་དེ་ ཚབས་ཆེན་གྱི་ བརྡ་དོན་སྟོན་ གཙོ་ཅན་སྦེ་ བཟོ་དགོ་ཟེར་ཨིནམ་ད་ སློབ་རིམ་༡༠ པའི་ནང་ ལག་རྩལ་ཤེས་ཡོན་རྩ་གཞུང་དེ་ གདམ་ཁ་ཅན་གྱི་ ཆོས་ཚན་སྦེ་ བཙུགས་ནི་དང་ སློབ་རིམ་༡༢ པ་ མཇུག་བསྡུ་ཞིནམ་ལས་ འཕྲོ་མཐུད་དེ་ ཤེས་ཡོན་སྦྱང་ཚུགསཔ་བཟོ་དགོ་ཟེར་ཨིན་པས།
དེ་ལས་ ལག་རྩལ་ཤེས་ཡོན་མཇུག་བསྡུ་མི་ཚུ་ལུ་ ལཱ་གཡོག་འཐོབ་ཚུགསཔ་བཟོ་ནི་དང་ ཤེས་རིག་ལྷན་ཁག་དང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་ དེ་ལས་ སྦྱོང་བརྡར་གྱི་ རྩ་གཞུང་ཚུ་ གནས་ཚད་སྣ་ཚོགས་ཐོག་ལས་ བཟོ་ནི་གི་ འོས་འབབ་ཚུ་ བལྟ་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་དང་ དེ་ལས་ སྦྱོང་བརྡར་ནང་ སློབ་ཕྲུག་ཚུ་གིས་ འཛུལ་ཞུགས་འབད་ནི་གི་ སེམས་ཤུགས་བསྐྱེད་ཐབས་ལུ་ གཞུང་གིས་ ཕྱི་རྒྱལ་ལུ་ ངོས་འཛིན་ཅན་གྱི་ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ནང་ སློབ་གཉེར་གྲོགས་རམ་འཚོལ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *