གསར་སྦིས་ཐང་ བརྡ་དོན་འཕྲུལ་རིག་གླིང་ག་ལྟེ་བ།

ལས་གཡོག་ལྷན་ཁག་གིས་ ཨིས་ཀེན་ཀེ་ཕི་ལས་ ལན་གསལ་སྒུག་སྟེ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༣ ལུ་ ཐིམ་ཕུག་གསར་སྦིས་ཐང་ བརྡ་དོན་འཕྲུལ་རིག་གླིང་ག་ལྟེ་བའི་ནང་ ཨིས་ཀེན་ཀེ་ཕི་ཟེར་མི་ སྒེར་སྡེ་གིས་ ལས་བྱེདཔ་༦༧ དགོངས་ཞུ་བཏང་པའི་སྐོར་ལས་ ལས་གཡོག་ལྷན་ཁག་གིས་ ཨིས་ཀེན་ཀེ་ཕི་ལུ་ དོགས་སེལ་འབད་དགོ་པའི་ ཡི་གུ་ཅིག་ བཏང་མིའི་ལན་གསལ་ལུ་ སྒུག་སྟེ་འདུག།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༣ ལུ་ ལས་སྡེ་གིས་ བརྡ་སྐུལ་ག་ནི་ཡང་མེད་པར་ དགོངས་ཞུ་བཏང་མི་ལུ་བརྟེན་ ལས་བྱེདཔ་ཚུ་གིས་ ལྷན་ཁག་ལུ་ གནད་དོན་ཁག་༤ གི་ཐོག་ལས་ ཞུ་གཏུགས་འབད་བའི་ཤུལ་ལས་ཨིན་པས།
ལྷན་ཁག་གིས་ ལས་སྡེ་ལུ་ ལས་བྱེདཔ་ཚུ་ གནད་དོན་ག་ཅི་ལུ་བརྟེན་ དགོངས་ཞུ་འབད་ཡོདཔ་ཨིན་ན་ བདེན་ཁུངས་བསྐྱལ་དགོཔ་སྦེ་ ཡི་གུ་བཏང་ནུག།
ལྷན་ཁག་གི་ ལས་མི་ལས་ཁུངས་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་སྡེ་ལུ་ ཡི་གུ་དེ་ཡང་ འདས་པའི་རེས་གཟའ་སྤེན་པ་ལུ་ བཏང་ཡོདཔ་ལས་ ལན་གསན་ཡང་ ད་རེས་ཀྱི་ བདུན་ཕྲག་ནང་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མ་གཞི་ ལས་བྱེདཔ་དགོངས་ཞུ་བཏང་མིའི་ གྱངས་ཁ་གི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ཡོད་རུང་ ལས་བྱེདཔ་ག་ར་ སྡེ་ཚན་མ་འདྲཝ་ལས་ཨིན་མི་ལུ་བརྟེན་ ཁོང་ལུ་ ཡིག་ཐོག་ལུ་ ཉོགས་བཤད་ཡི་གུ་ བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ འགོ་དཔོན་ཚུ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ཨིས་ཀེན་ཀེ་ཕི་གི་ འགོ་དཔོན་ཚུ་ ལས་བྱེདཔ་ཚུ་ དགོངས་ཞུ་མ་བཏང་བའི་ཧེ་མར་ ལས་མིའི་བཅའ་ཡིག་༢༠༠༧ ཅན་མའི་ བྱ་རིམ་དང་འཁྲིལ་ཏེ་ དགོངས་ཞུ་འབད་ནི་སྐོར་ལས་ གྲོས་བསྟུན་འབད་བར་ ལྷན་ཁག་ནང་ འོང་ཡི་ཅི་ཟེར་ཨིན་པས།
ལས་བྱེདཔ་ཚུ་གིས་ ལས་གཡོག་ལྷན་ཁག་ལུ་ མཐོ་གཏུགས་ཡི་གུ་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ དུས་རྒྱུན་ལཱ་གཡོག་ནང་ལས་ དགོངས་ཞུ་མ་གཏང་བའི་ ཟླཝ་༢ ཀྱི་སྔ་གོང་ལས་ བརྡ་སྐུལ་ཡི་གུ་བྱིན་ཏེ་ དགོངས་ཞུ་གཏང་དགོ་ཟེར་ཨིནམ་ད་ ལཱ་གཡོག་ནང་ འཛུལ་ཞུགས་འབད་བའི་སྐབས་ གན་ཡིག་ནང་ ལས་སྡེ་གིས་ དགོངས་ཞུ་གཏང་དགོ་པ་ཅིན་ ཟླ་ངོ་༢ ཀྱི་ཧེ་མ་ དྲན་བསྐུལ་འབད་དགོཔ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
ལས་སྡེའི་འགོ་ཁྲིདཔ་ཚུ་གིས་ ལས་བྱེདཔ་ཚུ་ ཡིག་ཚང་ནང་ འབོ་ཞིནམ་ལས་ ལས་སྡེའི་ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་མི་བཏུབ་པས་ཟེར་ དགོངས་ཞུ་གཏང་ནིའི་ཡི་གུ་ནང་ ལག་བྲིས་མི་རྐྱབ་ཟེར་རུང་ རྐྱབ་བཅུག་སྟེ་ ལཱ་གཡོག་ནང་ལས་ བཏོན་བཏང་མི་དེ་ ལས་སྡེའི་ཁ་ཐུག་ལས་ ཁུངས་བསྐྱལ་དགོ་ཟེར་ ཉོགས་བཤད་ཡི་གུ་ནང་ བཀོད་ནུག།
ལས་སྡེ་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་པར་ ལས་བྱེདཔ་༦༧ རྐྱངམ་གཅིག་ དགོངས་ཞུ་འབད་བཅུག་སྟེ་ ལས་བྱེདཔ་ལ་ལོ་ཅིག་ བཞག་མི་དེ་ ཕྱོགས་ལྷུང་གི་ རྣམ་གཞག་འབད་བ་ལུ་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ བཀོད་པའི་ཁར་ ཚོང་འབྲེལ་ལེགས་ཤོམ་མ་འགྱོ་བ་ཅིན་ ལས་སྡེ་ནང་ ལས་བྱེདཔ་ཅིག་ཡང་ མ་བཞག་པར་ འདྲ་མཉམ་གྱི་ཐོག་ལས་ བཏོན་གཏང་དགོཔ་ལས་ གནད་དོན་དེ་ལུ་ ལྷན་ཁག་གིས་ བརྟག་ཞིབ་མཐིལ་ཕྱིན་སྦེ་ འབད་དགོཔ་འདུག་ཟེར་བཀོད་ནུག།
ཨིས་ཀེན་ཀེ་ཕི་གི་མདོ་ཆེན་ ར་མིན་དྲ་ ན་ར་ཡཱན་གྱིས་ སླབ་མིའི་ནང་ ལས་སྡེ་ནང་ འདྲ་པར་དང་འབྲེལ་བའི་ སྡེ་ཚན་གྱི་ལས་བྱེདཔ་ཚུ་ བཏོན་གཏང་དགོ་པའི་ གནད་དོན་གཙོ་བོ་ར་ ཡུ་རོབ་ལུ་ སྒེར་དབང་གི་བཅའ་ཡིག་དམ་སྒྲིང་ སྤྱིར་གནས་སྡུད་ཉེན་སྐྱོབ་དབང་འཛིན་གྱི་ ལམ་ལུགས་གསརཔ་དེ་ ད་རེས་སྤྱི་ཟླ་༥ པའི་ཚེས་༢༥ ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཨིས་ཀེན་ཀེ་ཕི་དེ་ ཡོངས་འབྲེལ་ཐོག་ལས་ ཚོང་མགྲོན་པ་ཚུ་ལུ་ འདྲ་པར་ཞབས་ཏོག་དང་ བཟོ་བཀོད་ཀྱི་ ཞབས་ཏོག་ཚུ་ཡང་ བྱིན་དོ་ཡོདཔ་ད་ ལས་སྡེ་ག་ར་འབད་རུང་ སྒེར་སྡེའི་གནས་སྡུད་དང་འབྲེལ་བའི་ ལཱ་འབད་མི་ཚུ་ ལམ་ལུགས་དེ་ལུ་ གནས་དགོ་ཟེར་ མདོ་ཆེན་གྱིས་ བཤད་ཅི།
ར་མིན་དྲ་ ན་ར་ཡཱན་གྱིས་འབད་བ་ཅིན་ མ་གཞི་ འབྲུག་གི་ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༦༨ པ་དང་འཁྲིལཝ་ད་ ལཱ་གཡོག་བྱིན་མི་དེ་གིས་ ལས་གཡོགཔ་དང་གཅིག་ཁར་ གན་འཛིན་བཟོ་མིའི་ནང་ གན་འཛིན་དེ་ ཆ་མེད་གཏང་ནིའི་དོན་ལུ་ བརྡ་སྐུལ་གྱི་དུས་ཡུན་ ཟླཝ་༡ བྱིན་དགོཔ་ཨིན་རུང་ ལས་སྡེ་གིས་ ཟླ་རིམ་དངུལ་ཕོགས་བྱིན་ཐོག་ལས་ བརྡ་སྐུལ་ཟླཝ་༢ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་བྱེདཔ་ཚུ་ཡང་ འདས་པའི་ཟླཝ་༨ ཀྱི་ ཆ་སྙོམས་ཀྱི་ ལཱ་ཤུལ་གྲུབ་འབྲས་དང་འཁྲིལ་ཏེ་ མར་ཕབ་འབད་ཡི་ཟེར་ཨིནམ་ད་ ལས་སྡེའི་སྡེ་ཚན་༡ ཡང་ སྒོ་མ་བསྡམ་པའི་ཁར་ ད་ལྟོ་ ལས་སྡེ་ནང་ འདྲ་པར་དང་འབྲེལ་བའི་ ལཱ་འབད་མི་ མི་ངོ་༥ དེ་ཅིག་ བཞག་མི་དེ་ཡང་ ལས་འབྲེལ་གྲུབ་འབྲས་ལེགས་ཤོམ་ ཐོན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ལས་བྱེདཔ་༦༧ ལུ་ ཟླཝ་༢ ཀྱི་ ཡོངས་བསྡོམས་དངུལ་ཕོགས་བརྩིས་ཏེ་ ཚོང་སྡེའི་ལས་གཡོག་བཅའ་ཡིག་དང་འཁྲིལ་ འཚོ་རྟེན་མ་དངུལ་ལ་སོགས་པའི་ ཐོབ་ལམ་གཞན་ཚུ་ཡང་ བྱིན་ནིའི་གྲོས་ཐག་བཅད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *