ལས་གཡོག་ལྷན་ཁག་གིས་ ལཱ་གཡོག་བཟོ་ནིའི་ དམིགས་གཏད་ཕྱེད་ཀ་མར་ཕབ་ཀྱི་གྲོས་འདེབས།

༉ ལས་གཡོག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ ལཱ་གཡོག་༥༢,༩༣༠ བཟོ་ནི་སྦེ་ དམིགས་གཏད་བསྐྱེད་མི་ལས་ ལཱ་གཡོག་༢༦,༦༠༩ མར་ཕབ་འབད་ནིའི་ གྲོས་འདེབས་ཕུལ་ནུག།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁྲི་འཛིན་ཐོག་ལས་ ལོ་༥ འི་འཆར་གཞི་བར་མཚམས་བསྐྱར་ཞིབ་གནངམ་ད་ ཞུ་ཡོདཔ་ད་ བློན་ཆེན་གྱིས་ གལ་སྲིད་ ལཱ་གཡོག་བཟོ་ནིའི་  འགན་དབང་ཡོད་པ་ཅིན་ དང་པ་ར་ ངེས་ཚིག་ལེགས་ཤོམ་སྦེ་ བལྟ་དགོཔ་ཡོད་མི་དེ་ཡང་ ལཱ་གཡོག་བཟོ་ཡི་ཟེར་སླབ་ད་ ག་ཅི་བཟུམ་ལུ་ སླབ་ནི་སྨོ་ཟེར་ དྲི་བ་བཀོད་གནང་ཡི།

བློན་ཆེན་གྱིས་ ནད་ཡམས་ཀོ་བིཌ་-༡༩ དེ་ ཚར་གཅིག་འབདཝ་ད་ མཇུག་བསྡུ་འོང་ཟེར་ཨིནམ་ད་ དེ་བསྒང་ དཔལ་འབྱོར་དང་ ལཱ་གཡོག་གི་ དཀའ་ངལ་འབྱུང་ནི་ཨིནམ་ལས་ ད་ལྟོ་ལས་ར་ དགོས་མཁོ་དང་འཁྲིལ་ཏེ་ སྦྱོང་བརྡར་དང་ རིག་རྩལ་ཅན་བཟོ་དགོཔ་ གལ་ཆེ་ཟེར་ དྲན་གསོ་གནང་ཡི།

ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་གིས་ ཞུ་མིའི་ནང་ ལཱ་གཡོག་བཟོ་ནི་དེ་ ག་རའི་འགན་ཁུར་ཨིནམ་ལས་ ལྷན་ཁག་རྐྱངམ་གཅིག་གིས་ ལཱ་གཡོག་བཟོ་མི་ཚུགས་ནི་ཨིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལཱ་གཡོག་བཟོ་ནི་གི་ཐོ་ཚུ་ བྱིན་དགོ་ཟེར་ཨིན་པས།

དེ་ཡང་ ལས་སྡེ་གཞན་ཚུ་གིས་ ལཱ་གཡོག་བཟོ་ནི་གི་ འགན་འཁྲི་འབག་ནིའི་དོན་ལུ་ཨིན་རུང་ ལས་སྡེ་མ་འདྲཝ་ཚུ་གིས་ ལཱ་གཡོག་ག་དེ་སྦེ་ བཟོ་ཚུགས་ག་ གྲོས་བསྟུན་འབད་ཐོག་ལས་ དམིགས་གཏད་བསྐྱར་ཞིབ་འབད་དེ་ མར་ཕབ་འབད་དགོཔ་འདུག་ཟེར་ དྲུང་ཆེན་གྱིས་ཞུ་ཡི། 

ལྷན་ཁག་གིས་ བློན་ཆེན་ལུ་ ཚོང་འབྲེལ་གཞི་བཙུགས་གསརཔ་ཐོག་ལས་ ལཱ་གཡོག་༢,༨༡༡ ལས་༤༣༢ ལུ་ མར་ཕབ་འབད་དགོཔ་སྦེ་ ཞུ་བ་ཕུལ་བའི་ཁར་ ཚོང་འབྲེལ་གཞི་བཙུགས་གསརཔ་༨༦༤ དམིགས་གཏད་འབད་མི་ལས་༡༤༤ དང་ ན་གཞོན་ཚུ་ལུ་ ཚོང་འབྲེལ་གྱི་ སྦྱོང་བརྡར་༥,༠༤༥ ལས་༡,༣༢༠ ལུ་ མར་ཕབ་འབད་ནི་སྦེ་ ཞུ་བ་ཕུལ་ནུག།

དྲུང་ཆེན་གྱིས་འབད་བ་ཅིན་ དམིགས་གཏད་ལ་ལོ་ཅིག་ ཚོང་འབྲེལ་གཞི་བཙུགས་དང་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ གཙོ་རིམ་གྱི་ འཆར་གཞི་ཨམ་ནང་ ཚུད་དེ་ཡོད་ཟེར་ཨིནམ་ད་ བློན་ཆེན་གྱིས་ ལྷན་ཁག་ལུ་ ཚོང་འབྲེལ་གཞི་བཙུགས་གསརཔ་ལུ་བརྟེན་ ལཱ་གཡོག་ག་ཅི་བཟུམ་བཟོ་ཡོད་པའི་སྐོར་ ཞུ་དགོཔ་སྦེ་གསུངས་ཡི། 

བློན་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་གིས་ ད་ལྟོའི་བར་ནང་ཡང་ ལཱ་གཡོག་འཚོལ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ མི་ཤེས་དོ་ཡོདཔ་ལས་ ནམ་ར་འབད་རུང་ གནད་དོན་དེའི་སྐོར་ལས་ དྲི་བའི་སྐབས་ སླབ་ཚུགསཔ་སྦེ་ ཁ་གསལ་ཚུ་ བཞག་དགོ་ཟེར་ཨིན་པས།

ལྷན་ཁག་གིས་ ཕྱི་རྒྱལ་ལཱ་གཡོག་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཨིན་ན་ ཞིབ་འཚོལ་འབད་བའི་བསྒང་ཡོདཔ་ད་ བློན་ཆེན་གྱིས་ ལཱ་གཡོག་འཚོལ་ཞིབ་འབད་མི་ཚུ་གི་ གནས་སྡུད་ཚུ་ ཆ་ཚང་སྦེ་དགོ་ཟེར་ བཀའ་གནང་ཡི།

ལྷན་ཁག་གིས་ འཆརགཞི་༡༢ པའི་ནང་ ལཱ་གཡོག་བཟོ་ནིའི་དོན་ལུ་ བཟོ་སྐྲུན་ལས་སྡེ་དང་ འབྲུག་མཐར་འཁྱོལ་དབང་འཛིན་གཞི་བཙུགས་འབད་ནི་ ཕྱིའི་ལས་མི་འཛིན་སྐྱོང་གོང་འཕེལ་གཏང་ནི་ དེ་ལས་ རྒྱལ་ཡོངས་རིག་རྩལ་གོང་འཕེལ་ལས་རིམ་ཚུ་ གཞི་བཙུགས་འབད་ནི་སྦེ་ དམིགས་གཏད་བཀོད་དེ་ཡོདཔ་ཨིན་པས།

ལྷན་ཁག་གིས་ འབྲུག་ཡུལ་བཟོ་སྐྲུན་ནང་ ལས་མི་༦༣༣ བགོ་བཀྲམ་འབད་མི་ལས་ མང་ཤོས་ར་ རིག་རྩལ་མེད་མི་༣༠༩ དང་ རྡོ་དང་ ཤིང་བཟོ་བོ་ཚུ་ཡོདཔ་མ་ཚད་ རིག་རྩལ་གྱི་དོན་ལུ་ མི་༧༡༢ བཙུགས་ཡོད་པའི་ཁར་ དམིགས་བསལ་གྱི་ ལས་སྡེ་༣༦ གཞི་བཙུགས་འབད་ནུག།

ལྷན་ཁག་གིས་ ལས་འགུལ་གྱི་དོན་ལུ་ འཆར་དངུལ་བཞག་མི་དེ་ དངུལ་ཀྲམ་ས་ཡ་༥༠༠ ལུ་ ཡར་སེང་འབད་དགོཔ་སྦེ་ གྲོས་འདེབས་ཕུལ་ཏེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *