ལས་གཡོག་ལྷན་ཁག་གི་ སྤྱི་གཡོགཔ་༢ དགོངས་ཕོག་གཏང་དགོ་པའི་ ཡི་གུ་བཏང་ཡོདཔ།

༉ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ལས་གཡོག་ལྷན་ཁག་ ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་དེ་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་གྱི་དོན་ལུ་ ཉེས་འཛུགས་འབད་ཡོདཔ་ལས་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོ་པའི་ ཡི་གུ་བྲིས་ནུག།
དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་ལུ་ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ ཇ་པཱན་དང་ རྒྱ་གར་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཁག་གཉིས་ནང་ འབྲེལ་གཏོགས་འབད་བའི་ གནོད་འགེལ་ཁག་༤ གི་ ཉེས་འཛུགས་ཐོག་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་མི་དང་བསྟུན་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཡི་གུ་ནང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༡༦༧ (༢) པའི་དགོངས་དོན་དང་འཁྲིལ་ འབྲེལ་ཡོད་ལས་སྡེ་གིས་ སྤྱི་གཡོགཔ་དེ་ དགོངས་ཕོག་བཏོན་དགོཔ་སྦེ་ཡོད་ཟེར་ བཀོད་ཡོདཔ་ད་ བཅའ་ཁྲིམས་དེ་ནང་ གནོད་འགེལ་ཅིག་ལུ་ ཉེས་འཛུགས་བཀོད་པའི་ སྤྱི་གཡོགཔ་དེ་ ཉེས་འཛུགས་བཀོད་པའི་ ཟླ་ཚེས་ལས་ འགོ་བཙུགས་ཏེ་ མཐོ་གཏུགས་གང་རུང་གི་ མཐའ་འབྲས་མ་ཐོན་ཚུན་གྱི་རིང་ལུ་ དགོངས་ཕོག་གཏང་དགོཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༣ ཟླ་༧ པའི་ཚེས་༡༧ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ བཀའ་རྒྱ་དང་འཁྲིལཝ་ད་ དགོངས་ཕོག་གཏང་མི་གཏང་གི་ དབང་ཚད་དེ་ འབྲེལ་ཡོད་ཚད་ལྡན་དབང་འཛིན་ལུ་ཡོདཔ་ལས་ ཉེས་འཛུགས་བཀོད་པའི་ སྤྱི་གཡོགཔ་དེ་ ཨིན་ཅི་མིན་ཅི་ དགོངས་ཕོག་གཏང་དགོཔ་སྦེ་མེད་ཟེར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་བཏང་མི་ ཡི་གུ་ནང་བཀོད་ནུག།
གལ་སྲིད་ ཉེས་འཛུགས་ཅན་ ཤེས་རབ་བསྟན་འཛིན་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་མི་གཏང་ནི་སྦེ་ ཐག་བཏོག་པ་ཅིན་ རྩོད་བཤེར་སྐབས་ ཁྲིམས་ཀྱི་འདུན་སར་བཅརཝ་ད་ མི་མང་གི་ རྒྱུ་དངུལ་དང་ ཐོན་ཁུངས་ ཡང་ཅིན་ ཡིག་ཚང་གི་ དུས་ཚོད་ལོག་སྤྱོད་འབད་ནི་མེདཔ་ ངེས་བརྟན་བཟོ་དགོ་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ལས་རོགས་ ཨྱོན་བཀྲིས་ཡང་ དགོངས་ཕོག་གཏང་དགོཔ་སྦེ་ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་ལུ་ ཡི་གུ་བྲིས་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཤེས་རབ་བསྟན་འཛིན་དང་ ཨྱོན་བཀྲིས་ལུ་ ཚོང་འབྲེལ་ནང་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་ནི་ལས་ འཐུས་ཤོར་དང་ ལོག་སྤྱོད་ཀྱི་བྱ་སྒོ་ཕྱིར་ཤོལ་ གཡོ་སྒྱུ་ལག་ལེན་ དེ་ལས་ ཡིག་ཚང་གྱི་ བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ ཉེས་འཛུགས་དེ་ཡང་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁོ་རའི་བུ་ སྐལ་བཟང་ཉི་ཟླ་དང་ མཉམ་འབྲེལ་ཐོག་ འཇམ་ཤོག་བཟོ་སྐྲུན་གྱི་ ཚོང་ལཱ་ནང་ རྒྱ་གར་གྱི་མི་ཁུངས་ མ་ནཱབ་དིང་ག་ར་དེ་ གསང་བའི་ཚོང་འབྲེལ་མཉམ་རོགས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་མི་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཤེས་བཞིན་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་ མ་འབད་བར་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་སྦེ་ བཅའ་མར་གཏོགས་ནུག་ཟེར་ཨིན་པས།
བི་ཨི་ཨོ་ཟེར་མི་ འབྲུག་ཕྱི་རྒྱལ་ལཱ་གཡོག་གི་ཇོ་བདག་ འགྱུར་མེད་ཚེ་དབང་དང་ ཕྱི་རྒྱལ་གྱི་ལཱ་སྤྲོད་མི་ ངོ་ཚབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་ འབྲེལ་གཏོགས་ཡོད་པའི་ ཡིག་ཆ་དང་ བདེན་སྦྱོར་ཅན་གྱི་ གན་འཛིན་ལ་སོགས་པ་ འབྲུག་ཕྱི་རྒྱལ་ལཱ་གཡོག་ངོ་ཚབ་ཀྱི་སྒྲིག་གཞི་༢༠༡༣ ཅན་མའི་དོན་ཚན་༢.༡ པ་ལྟར་ འགྱུར་མེད་ཚེ་དབང་གིས་ ཡིག་ཆ་ཚུ་ཚངམ་སྦེ་ མ་སྤྲོད་པར་ཡོདཔ་ ཤེས་བཞིན་དུ་ ཤེས་རབ་བསྟན་འཛིན་དང་ ཨྱོན་བཀྲིས་གཉིས་ཀྱིས ལོག་སྤྱོད་ཀྱི་ བྱ་སྒོ་ཕྱིར་བཤོལ་འབད་དེ་ གཡོ་སྒྱུའི་ཐོག་ ཐོ་བཀོད་ལག་ཁྱེར་གུ་ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་ལས་ མིང་རྟགས་ལེན་པའི་ཤུལ་ལས་ བསྟན་རྒྱས་ལྷན་ཁག་ལུ་ རྒྱབ་སྣོན་ཡི་གུ་བཏང་མི་ལུ་བརྟེན་ ཕྱི་རྒྱལ་ལཱ་གཡོག་ཟེར་མི་ ཚོང་འབྲེལ་ལག་ཁྱེར་ཐོབ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ཡི་གུ་བྲིས་མི་དེ་ ཐེངས་གཉིས་པ་ཨིནམ་ད་ སྤྱི་ལོ་༢༠༡༨ ལུ་ ཞིབ་དཔྱད་མཇུག་བསྡུ་མི་དང་བསྟུན་ ཡོངས་ཁྱབ་མདོ་ཆེན་དང་ ཨྱོན་བཀྲིས་གཉིས་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོཔ་སྦེ་ བཀོད་ཡོད་རུང་ ལྷན་ཚོགས་ཀྱིས་ ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསྒུག་ནི་སྦེ་ བཞག་ཡོན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *