ལས་གཡོག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ལུ་ ཉེས་འཛུགས་ཁག་༤ བཀལ་ཡོདཔ།

༉ ཇ་པཱན་ལུ་ ལཱ་འབད་ནི་དང་ ཤེས་ཡོན་སྦྱང་ནི་གི་ ལས་རིམ་དེ་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ དེ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཧོངས་ལས་ དང་ལེན་ག་ནི་ཡང་ འབད་ནི་མིན་འདུག་ཟེར་ རྩོད་དོན་དེ་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ བསམ་འཆར་འདྲ་མིན་སྣ་ཚོགས་ བཀོད་བཞིན་དུ་འདུག།
དེ་མ་ཚད་ ཕྱོགས་གཅིག་ལས་ ཇ་པཱན་ལུ་སོང་མི་ ཨ་ལོ་ཚུ་གི་ ཕ་མའི་ཚོགས་ཆུང་གིས་ འབྲུག་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ལུ་ ཡིག་ཆ་རྫུས་བཟོའི་ ཁ་ཉེས་བཀལ་ཏེ་ ཁྲིམས་སྲུང་འགག་པའི་ཧོངས་ལས་ ཞིབ་དཔྱད་རྐྱབ་པའི་ ནམ་དུས་ལུ་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལས་གཡོག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་དང་ དོགས་པ་ཅན་༢ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བསྐྱལ་མི་དེ་ འཕྲལ་གྱི་གནད་དོན་གསརཔ་ཅིག་ཨིན་པས།
སྤྱི་ཟླ་༢༠༡༧ ཟླ་༡༡ པའི་ནང་ འགོ་འདྲེན་འཐབ་མི་ ཇ་པཱན་གྱི་ ལས་རིམ་ནང་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་དང་ ཁོ་གི་བུ་ དེ་ལས་ ལྷན་ཁག་གི་ འགོ་དཔོན་ཅིག་ལུ་ ཚོང་འབྲེལ་ནང་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་ནི་ལས་ འཐུས་ཤོར་དང་ ལོག་སྤྱོད་ཀྱི་བྱ་སྒོ་ཕྱིར་ཤོལ་ གཡོ་སྒྱུ་ལག་ལེན་ དེ་ལས་ ཡིག་ཚང་གྱི་ བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་འབད་ནུག།
ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ ཉེས་འཛུགས་བཀལ་མི་དེ་ཡང་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁོ་རའི་བུ་ སྐལ་བཟང་ཉི་ཟླ་དང་ མཉམ་འབྲེལ་ཐོག་ འཇམ་ཤོག་བཟོ་སྐྲུན་གྱི་ ཚོང་ལཱ་ནང་ རྒྱ་གར་གྱི་མི་ཁུངས་ མ་ནཱབ་དིང་ག་ར་དེ་ གསང་བའི་ཚོང་འབྲེལ་མཉམ་རོགས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་མི་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཤེས་བཞིན་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་ མ་འབད་བར་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་སྦེ་ བཅའ་མར་གཏོགས་ནུག་ཟེར་ཨིན་པས།
བི་ཨི་ཨོ་ཟེར་མི་ འབྲུག་ཕྱི་རྒྱལ་ལཱ་གཡོག་གི་ཇོ་བདག་ འགྱུར་མེད་ཚེ་དབང་དང་ ཕྱི་རྒྱལ་གྱི་ལཱ་སྤྲོད་མི་ ངོ་ཚབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་ འབྲེལ་གཏོགས་ཡོད་པའི་ ཡིག་ཆ་དང་ བདེན་སྦྱོར་ཅན་གྱི་ གན་འཛིན་ལ་སོགས་པ་ འབྲུག་ཕྱི་རྒྱལ་ལཱ་གཡོག་ངོ་ཚབ་ཀྱི་སྒྲིག་གཞི་༢༠༡༣ ཅན་མའི་དོན་ཚན་༢.༡ པ་ལྟར་ འགྱུར་མེད་ཚེ་དབང་གིས་ ཡིག་ཆ་ཚུ་ཚངམ་སྦེ་ མ་སྤྲོད་པར་ཡོདཔ་ཤེས་བཞིན་དུ་ ཤེས་རབ་བསྟན་འཛིན་དང་ ལས་རིམ་འགོ་དཔོན་འོགམ་ ཨོ་རྒྱན་བཀྲིས་གཉིས་ཀྱིས ལོག་སྤྱོད་ཀྱི་ བྱ་སྒོ་ཕྱིར་བཤོལ་འབད་དེ་ གཡོ་སྒྱུའི་ཐོག་ ཐོ་བཀོད་ལག་ཁྱེར་གུ་ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་ལས་ མིང་རྟགས་ལེན་པའི་ཤུལ་ལས་ བསྟན་རྒྱས་ལྷན་ཁག་ལུ་ རྒྱབ་སྣོན་ཡིགུ་བཏང་མི་ལུ་བརྟེན་ ཕྱི་རྒྱལ་ལཱ་གཡོག་ཟེར་མི་ ཚོང་འབྲེལ་ལག་ཁྱེར་ཐོབ་ཡོདཔ་ཨིན་པས།
དེ་གིས་ འགྱུར་མེད་ཚེ་དབང་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ལས་ ཡོངས་ཁྱབ་མདོ་ཆེན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལོག་སྤྱོད་ཀྱི་ བྱ་སྒོ་ཕྱིར་བཤོལ་འབད་བའི་ ཉེས་འཛུགས་འབད་ནུག།
མ་ནཱབ་དིང་ག་ར་དེ་ འཇམ་ཤོག་tissue paper བཟོ་སྐྲུན་གྱི་ ཚོང་ལཱ་ནང་ ཁོ་རའི་བུ་ སྐལ་བཟང་ཉི་ཟླ་གིས་ གསང་བའི་ཚོང་འབྲེལ་མཉམ་རོགས་སྦེ་བཙུགས་ཏེ་ ཤེས་བཞིན་དུ་ གཡོ་སྒྱུ་ཐོག་ བསྟན་རྒྱས་ལྷན་ཁག་ལུ་ ཇ་ན་ཊི་ཤུ་ཟེར་མི་ རྒྱུ་དངོས་ཚོང་འབྲེལ་ ཆོག་ཐམ་ཅིག་ སྤྲོད་བཅུག་མི་ལུ་བརྟེན་ ཡོངས་ཁྱབ་་མདོ་ཆེན་ལུ་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་བཀལ་ནུག།
ཤེས་རབ་བསྟན་འཛིན་ཁོ་ར་ ལས་གཡོག་ལྷན་ཁག་གི་ ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ཅིག་ཨིན་རུང་ ལས་ཁུངས་དང་མཉམ་ ཚོང་ལཱ་འབད་མི་ ཁག་འབགཔ་ མ་ནཱབ་དིང་ག་ར་དེ་ འཇམ་ཤོག་བཟོ་སྐྲུན་འབད་ནིའི་ ཚོང་ལཱ་ནང་ ཡོངས་ཁྱབ་མདོ་ཆེན་གྱི་བུ་ སྐལ་བཟང་ཉི་ཟླ་གིས་ གསང་བའི་མཉམ་རོགས་སྦེ་བཙུགས་ཏེ་ ཡིག་ཚང་དབང་འཛིན་གྱི་ བྱ་སྒོ་མེན་པའི་ བྱ་སྤྱོད་འབད་མི་ལུ་བརྟེན་ ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་དང་འཁྲིལ་ ཉེས་ཕྲའི་ཉེས་འཛུགས་བཀལ་ནུག།
དེ་ལས་ ལས་རིམ་འགོ་དཔོན་འོགམ་ ཨོ་རྒྱན་བཀྲིས་ཀྱིས་ བདག་སྐྱོང་དང་འབྲེལ་བའི་ བྱ་སྒོ་ལོག་སྤྱོད་ཕྱིར་བཤོལ་དང་ ཡོངས་ཁྱབ་མདོ་ཆེན་གྱི་བུ་ སྐལ་བཟང་ཉི་ཟླ་ལུ་ གཡོ་སྒྱུ་ལག་ལེན་འཐབ་ཡོད་པའི་ ཉེས་འཛུགས་འབད་མི་དེ་ཡང་ ཁོ་གིས་ འགྱུར་མེད་ཚེ་དབང་དང་ ཕྱི་རྒྱལ་གྱི་ ལཱ་སྤྲོད་མི་ ངོ་ཚབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་ འབྲེལ་གཏོགས་ཡོད་པའི་ ཡིག་ཆ་དང་ བདེན་སྦྱོར་ཅན་གྱི་ གན་འཛིན་ལ་སོགས་པ་ཚངམ་སྦེ་སྤྲོད་སྤྲོདཔ་མེདཔ་ཤེས་བཞིན་དུ་ བསྟན་རྒྱས་ལྷན་ཁག་ལུ་ རྒྱབ་སྣོན་ཡི་གུ་བཏང་མི་ལུ་བརྟེན་ ཚོང་འབྲེལ་ཆོག་ཐམ་ ཐོབ་ནི་དེ་གིས་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་༣ པ་ སྐལ་བཟང་ཉི་ཟླ་ལུ་ཡང་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་བཀལ་ཡོདཔ་ད་ ཁོ་རའི་ཨ་པ་ ཤེས་རབ་བསྟན་འཛིན་གྱིས་ འཇམ་ཤོག་བཟོ་སྐྲུན་གྱི་ ཚོང་ལཱ་ནང་ མ་ནཱ་དིང་ག་ར་དེ་ གསང་བའི་ཚོང་འབྲེལ་མཉམ་རོགས་སྦེ་བཙུགས་ཡོདཔ་ ཤེས་བཞིན་དུ་ གནད་དོན་དེའི་སྐོར་ བསྟན་རྒྱས་ལྷན་ཁག་ལས་ གསང་བཞག་སྟེ་ གཡོ་སྒྱུ་ཐོག་ བསྟན་རྒྱས་ལྷན་ཁག་ལས་ Jana Tissues ཟེར་མི་ འཇམ་ཤོག་ཚོང་འབྲེལ་ལག་ཁྱེར་ ལེན་ནི་དེ་གིས་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *