ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལས་གཡོག་བློན་པོ་བགྲེསཔ་དང་ ལྷན་ཁག་གི་ ད་ལྟོའི་ ཡོངས་ཁྱབ་མདོ་ཆེན་བརྩིས་ཏེ་ ཉེས་འཛུགས་ཅན་༧ གྱི་བཤེར་ཡིག་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་བཙུགས་ནུག།

ལས་གཡོག་བློན་པོ་བགྲེསཔ་དང་ གནས་ཚང་ ཚམོ་ དེ་ལས་ མི་གཞན་༡ ཁྲིམས་སར་བསྐྱལ་ཡོདཔ།

རྩོད་ཟླ་ཚུ་ལུ་ ཉེས་འཛུགས་བཀལ་མི་དེ་ བི་ཨི་ཨོ་ཟེར་མི་ འབྲུག་ཕྱི་རྒྱལ་ལཱ་གཡོག་ལས་རིམ་དང་ འབྲེལ་བ་མེདཔ་ཨིན་པས།

༉ རྒྱ་གར་ལུ་ འབྲུག་པའི་ན་གཞོན་ཚུ་ སྦྱོང་བརྡར་འབད་བར་བཏང་མིའི་ ལས་རིམ་དང་ ས་བརྐོ་འཕྲུལ་ཆས་གླར་སྤྱོད་དང་འབྲེལ་བའི་ གནོད་འགེལ་ཚུ་ནང་ འབྲེལ་གཏོགས་ཡོད་མི་ ལས་གཡོག་བློན་པོ་བགྲེསཔ་ ཉི་མ་སངས་རྒྱས་ཆེན་པོ་གིས་གཙོས་པའི་ ཁོ་གི་གནས་ཚང་དང་ ཚམོ་ དེ་ལས་ ཟ་ཁང་གི་ འཛིན་སྐྱོང་པ་ཅིག་ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ནུག།
དེ་ཡང་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་མི་དེ་ནང་ བློན་པོ་བགྲེསཔ་ལུ་ རྒྱུ་དངོས་རྫུན་ཞུགས་གསལ་སྟོན་དང་ གཡོ་སྒྱུའམ་ མགུ་སྐོར་ལག་ལེན་ ཡིག་ཚང་གི་ བྱ་སྤྱོད་ངན་པ་ དེ་ལས་ གཡོ་སྒྱུ་ཐོག་ མ་བྱིན་པ་ལེན་འབདཝ་ད་ ཉེས་འཛུགས་ཁག་༤ བཀལ་ནུག།
རྩོད་ཟླ་གཞན་གསུམ་ལུ་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་འབད་ཡོདཔ་ད་ ཉེས་འཛུགས་དེ་ཚུ་ ཁྲིམས་འདུན་གྱིས་ རྩོད་རྩ་དང་ རྩོད་ཟླ་ཚུ་ འཛོམས་ཐོག་ལུ་ སྣ་ཚོགས་སྙན་གསན་མཛད་ཐོག་ལས་ རྩོད་བཤེར་གྱི་དོན་ལུ་ ངོས་ལེན་གྲུབ་ཡོདཔ་ཨིན་པས།
ཉི་མ་སངས་རྒྱས་ཆེན་པོ་གིས་ ཁོ་ར་ མཚོ་མོ་འཕྲུལ་ཆས་གླར་སྤྱོད་ལས་སྡེའི་ ཇོ་བདག་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ རྒྱུ་དངོས་གསལ་སྟོན་འབད་བའི་སྐབས་ ཁོ་རའི་རྒྱུ་དངོས་ ས་བརྐོ་འཕྲུལ་ཆས་དང་ འཕྲུལ་ཆས་ལུ་བརྟེན་པའི་འོང་འབབ་ ཚམོ་པདྨ་འཚོ་མོ་ཤེར་པའི་ མིང་ཐོག་ལུ་ལེན་པའི་ འཕྲུལ་ཆས་ཀྱི་ སྐྱིན་འགྲུལ་ཚུ་ སྦ་གསང་འབད་ནི་ལུ་དམིགས་ཏེ་ གསལ་སྟོན་མ་འབད་བར་ རྫུན་ཞུགས་གསལ་སྟོན་འབད་བའི་ ཉེས་འཛུགས་བཀལ་ནུག།
གཡོ་སྒྱུའམ་ མགུ་སྐོར་ལག་ལེན་གྱི་ ཉེས་འཛུགས་ཁག་༢ བཀལ་མིའི་ཐད་ལུ་ ལས་གཡོག་བློན་པོ་བགྲེསཔ་གིས་ ས་བརྐོ་འཕྲུལ་ཆས་ཀྱི་ ཇོ་བདག་ངོ་མ་ ཁོ་ར་དང་ གསང་བའི་ཚོང་རོགས་ རྒྱ་གར་གྱི་མི་ཁུངས་ མ་ནཱབ་དིང་ག་ར་ཟེར་མི་ཨིན་རུང་ འཕྲུལ་ཆས་དེ་ པདྨ་མཚོ་མོ་ཤེར་པ་དང་ དི་ལུ་གི་རི་གཉིས་ཀྱི་ མིང་ཐོག་ཁར་བཙུགས་ཏེ་ ཤེས་བཞིན་དུ་ གཡོ་སྒྱུ་ཐོག་ འབྲུག་རྒྱལ་ཡོངས་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཡོདཔ་མ་ཚད་ བསྟན་རྒྱས་ལྷན་ཁག་ལས་ མཚོ་མོ་འཕྲུལ་ཆས་གླར་སྤྱོད་ཀྱི་ ཚོང་འབྲེལ་ཆོག་ཐམ་ལེན་མི་ལུ་བརྟེན་ཨིན་པས།
ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉི་མ་སངས་རྒྱས་ཆེན་པོ་ལུ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་བཀལ་མི་དེ་ཡང་ རྩོད་ཟླ་གིས་ དེ་བསྒང་ཁོ་ར་ ལས་གཡོག་ལྷན་ཁག་གི་ བློན་པོ་སྦེ་ ཕྱག་ཞུ་མི་ཨིན་རུང་ ལྷན་ཁག་དང་ ཚོང་ལཱ་འབད་མི་ཁག་འབགཔ་ མ་ནཱབ་དིང་ག་ར་དེ་ ཁོ་དང་མཉམ་ ས་བརྐོ་འཕྲུལ་ཆས་གླ་ཁར་སྤྲོད་ནིའི་ ཚོང་ལཱ་ནང་ གསང་བའི་མཉམ་རོགས་སྦེ་བཙུགས་ཏེ་ ཡིག་ཚང་དབང་འཛིན་གྱི་ བྱ་སྒོ་མེན་པའི་ བྱ་སྤྱོད་འཐབ་ནུག་ཟེར་ཨིན་པས།
ལས་གཡོག་བློན་པོ་བགྲེསཔ་ལུ་ གཡོ་སྒྱུའི་ཐོག་ མ་བྱིན་ལེན་པའི་ ཉེས་འཛུགས་ཁག་༢ བཀལ་མི་དེ་ཡང་ སྤྱི་ལོ་༢༠༡༥ སྐོར་ཆ་ལུ་ ནིའུ་ལྡི་ལི་ལུ་ གཞུང་དོན་ལྟ་སྐོར་སྐབས་ མ་ནཱབ་དིང་ག་ར་དང་ཕྱདཔ་ད་ རིན་ཐང་ཅན་གྱི་ རྒྱན་ཆ་gemstone དང་rudraksh rosary ཟེར་མི་ ཕྱེངམ་དང་འབྲེལ་བའི་ སྐེ་རྒྱན་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ མ་ནཱབ་དིང་ག་ར་གིས་ཡང་ རྒྱན་ཆས་དེ་གཉིས་ལུ་ རུ་པི་༨༥,༠༠༠ དང་རུ ་པི་༧༡,༩༨༣ སྦེ་ གྲ་སྒྲིག་འབད་མི་དེ་ རྩོད་ཟླ་གིས་ རིན་ཤུལ་ལས་ སྤྲོད་ནི་སྦེ་ ལེན་འབག་ཡོདཔ་ཨིན་པས།
དེ་འབདཝ་ད་ རྩོད་ཟླ་གིས་ ལོ་༣ གྱི་རྒྱབ་ལས་ཡང་ རིན་སྤྲོད་སྤྲོདཔ་མེདཔ་ལས་ རྒྱུ་དངོས་རྒྱན་ཆས་དེ་གཉིས་ གཡོ་སྒྱུ་ཐོག་ ལེན་ཡོད་པའི་ ར་ཁུངས་གྲུབ་ཡོད་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ རྒྱུ་དངོས་རྫུན་ཞུགས་གསལ་སྟོན་དང་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ གནོད་འགེལ་རེ་ལུ་ ཉེས་ཕྲའི་ཁྲིམས་དམའ་ཤོས་ལོ་༡ ལས་ མཐོ་ཤོས་ལོ་ངོ་༣ འོག་རྒྱུའི་བཙོན་ཁྲིམས་དགོཔ་བཞིན་དུ་ གཡོ་སྒྱུ་ལག་ལེན་དང་ གཡོ་སྒྱུའི་ཐོག་ མ་བྱིན་ལེན་པའི་ གནོད་འགེལ་རེ་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་དམའ་ཤོས་ཟླཝ་༡ ལས་ ལོ་༡ འོག་རྒྱུའི་ཉེས་ཁྲིམས་སྨིན་དགོཔ་ཨིན་པས།
མི་གཞན་༣ གྱི་ཉེས་འཛུགས།
ཉི་མ་སངས་རྒྱས་ཆེན་པོའི་ཚམོ་ པདྨ་མཚོ་མོ་ཤེར་པ་ལུ་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་ཁག་གཉིས་ བཀལ་མི་དེ་ཡང་ མོ་ར་ ས་བརྐོ་འཕྲུལ་ཆས་ཀྱི་ ཇོ་བདག་ངོ་མ་མེན་རུང་ ངོ་མ་ཨིནམ་བཟོ་སྟེ་ ཤེས་བཞིན་དུ་ གནད་དེའི་སྐོར་ གསང་བཞག་སྟེ་ མོ་རའི་ཨ་ཞང་གི་དོན་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་ལས་ རྒྱུ་དངོས་འཕྲུལ་ཆས་ཀྱི་ སྐྱིན་འགྲུལ་ལེན་ཡོདཔ་མ་ཚད་ མོ་ར་དང་ འབྲུག་ཟ་ཁང་གི་ ཡོངས་ཁྱབ་འཛིན་སྐྱོང་པ་ དི་ལུ་གི་རི་གི་ མིང་ཐོག་ཁར་ བསྟན་རྒྱས་ལྷན་ཁག་ལས་ མཚོ་མོ་འཕྲུལ་ཆས་གླར་སྤྱོད་ཀྱི་ ཚོང་འབྲེལ་ཆོག་ཐམ་ལེན་ཡོདཔ་ཨིན་པས།
དེ་འབདཝ་ལས་ དི་ལུ་གི་རི་ལུ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚོང་འབྲེལ་ཆོག་ཐམ་ གཡོ་སྒྱུ་ཐོག་ ལེན་མི་དང་ ས་བརྐོ་འཕྲུལ་ཆས་ ཁོ་གི་ཨིནམ་སྦེ་ བཟོ་མི་ལུ་བརྟེན་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་བཀལ་ཡོདཔ་ད་ ཁོ་གིས་ མ་ནཱབ་དིང་ག་ར་ལས་ ས་བརྐོ་འཕྲུལ་ཆས་ཉོ་ནིའི་དོན་ལུ་ མ་ནཱབ་ཀྱི་ ཁེ་སང་ལས་ དངུལ་ཀྲམ་བརྒྱ་ཆ་༣༠ ལེན་ནུག་ཟེར་ཨིན་པས།
ཉི་མ་སངས་རྒྱས་ཆེན་པོའི་གནས་ཚང་ རྣམ་རྒྱལ་ལྷ་མོ་གིས་ ས་བརྐོ་འཕྲུལ་ཆས་ཀྱི་ ཇོ་བདག་ངོ་མ་ མོ་རའི་རྨགཔ་ཨིནམ་ ཤེས་བཞིན་དུ་ པདྨ་མཚོ་མོ་ཤེར་པ་ལུ་ ས་བརྐོ་འཕྲུལ་ཆས་དེ་ མོ་གི་མིང་ཐོག་ཁར་ བཙུགས་དགོཔ་སྦེ་ ནན་བསྐུལ་འབད་ཡོདཔ་མ་ཚད་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ཡང་ གནད་དོན་དེ་གི་སྐོར་ ཕྲང་མ་སླབ་པར་ གསང་བཞག་སྟེ་ པདྨ་མཚོ་མོའི་མིང་ཐོག་ཁར་ ས་བརྐོ་འཕྲུལ་ཆས་ཀྱི་ སྐྱིན་འགྲུལ་ལེན་ནི་ལུ་ ཆ་རོགས་འབད་བའི་ གནད་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོ་ལུ་ཡང་ གཡོ་སྒྱུ་ལག་ལེན་གྱི་ ཉེས་འཛུགས་བཀལ་ནུག།
ཉེས་འདོགས་པ་གིས་འབད་བ་ཅིན་ དི་ལུ་གི་རི་གིས་ མ་ནཱབ་ལས་ ཁེ་སང་བརྒྱ་ཆ་༣༠ ལེན་མི་དང་ རྩ་ཕན་ཚུ་གིས་ ཚུལ་མིན་གྱི་སྒོ་ལས་ མ་རྩ་བཙུགས་ཏེ་ ཚོང་འབྲེལ་ལས་ཐོབ་མི་ ཁེ་འབབ་ཚུ་ རྒྱལ་ཁམས་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་ཕུལ་ནུག།
རྩོད་དོན་གྱི་རྒྱབ་ཁུངས།
གནོད་འགེལ་འཐབ་པའི་སྐབས་ ཉི་མ་སངས་རྒྱས་ཆེན་པོ་དེ་ ལས་གཡོག་བློན་པོ་ཨིནམ་ད་ འབྲུག་གི་ན་གཞོན་ཚུ་ སློབ་སྦྱོང་གི་དོན་ལས་ རྒྱ་གར་ལུ་བཏངམ་ད་ རྩོད་ཟླ་དང་ མ་ནཱབ་དིང་ག་ར་གཉིས་ ལྡི་ལི་དང་ ཐིམ་ཕུག་ལུ་ ཕྱད་པའི་སྐབས་ རྩོད་ཟླ་གིས་ ས་བརྐོ་འཕྲུལ་ཆས་ཅིག་ གླ་ཁར་གཏང་ནིའི་ ཚོང་འབྲེལ་སྐོར་ ལོ་རྒྱུས་སླབ་ཡོདཔ་བཞིན་དུ་ ཁོ་གིས་ མ་ནཱབ་ལུ་ མ་དངུལ་བརྒྱ་ཆ་༥༠ བཙུགས་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ཡོདཔ་ཨིན་པས།
མ་ནཱབ་ཀྱིས་ ལས་གཡོག་ལྷན་ཁག་ལས ཁག་འབག་གི་ ལཱ་འབད་བའི་ ཏི་རུ་ལེན་ནི་ཡོདཔ་ལས་ བློན་པོ་བགྲེསཔ་གི་ ཚོང་འབྲེལ་གྲོས་འཆར་ལུ་ ངོས་ལེན་འབད་དགོཔ་ བྱུང་ཡོདཔ་ད་ དེ་བསྒང་ ཁོ་ལུ་ ཚོང་འབྲེལ་གྱི་དོན་ལུ་ ཆོག་ཐམ་དང་ སྐྱིན་འགྲུལ་ཚུ་ ཐིམ་ཕུག་ལས་ དི་ལུ་གི་རི་དང་ པདྨ་མཚོ་མོ་ཤེར་པ་༢ ཀྱི་ མིང་ཐོག་ལུ་ ལེན་ནི་སྦེ་ སླབ་ཡོད་མི་དེ་ཡང་ དི་ལུ་གི་རི་གིས་ མ་ནཱབ་དིང་ག་ར་དང་ པདྨ་མཚོ་མོ་ཤེར་པ་གིས་ མོ་རའི་ཨ་ཞང་གི་དོན་ལུ་ འབད་འོང་ཟེར་ སླབ་ཡོདཔ་ཨིན་པས།
མ་ནཱབ་ཀྱིས་ དི་ལུ་གི་རི་ལུ་ ཚོང་འབྲེལ་གྱི་ འོས་འབབ་བལྟ་དགོཔ་མ་ཚད་ ཁོ་གི་ཚབ་ལུ་ ལཱ་འབད་དགོཔ་སྦེ་སླབ་སྟེ་ མ་ནཱབ་ཀྱི་ཁེ་སང་ལས་ བརྒྱ་ཆ་༣༠ ཁོ་ལུ་ བྱིན་ནི་སྦེ་ སླབ་ནུག་ཟེར་ཨིནམ་ད་ མ་ནཱབ་ཀྱིས་ སླབ་བཞིན་དུ་ དི་ལུ་གི་རི་གིས་ བློན་པོ་ཉི་མ་སངས་རྒྱས་ཆེན་པོ་དང་ ཕྱད་ཡོདཔ་ད་ དེ་བསྒང་ལས་ བློན་པོ་བགྲེསཔ་གིས་ ཁོ་གི་ས་བརྐོ་འཕྲུལ་ཆས་དེ་ བསམ་གྲུབ་ལྗོངས་མཁར་ལུ་ ཨེསི་ཌི་རྡོ་སོལ་ཚོང་སྡེ་ལུ་ གླ་ཁར་བཏང་པ་ཅིན་ ཁེ་སང་ག་དེམ་ཅིག་ ཐོབ་ཡོདཔ་ཨིན་ན་ རྩིས་རྐྱབ་ཚར་ཡོདཔ་ཨིན་པས།
དེ་ལས་ པདྨ་མཚོ་མོ་དང་ དི་ལུ་གི་རི་༢ ཀྱི་མིང་ཐག་ཁར་ མཚོ་མོ་འཕྲུལ་ཆས་གླར་སྤྱོད་ཚོང་འབྲེལ་དེ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ བློན་པོ་བགྲེསཔ་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ལས་ ཚམོ་གི་མིང་ཐོག་ཁར་ སྐྱིན་འགྲུལ་ཐོབ་ཡོདཔ་མ་ཚད་ མ་ནཱབ་དིང་ག་ར་གིས་ ས་བརྐོ་འཕྲུལ་ཆས་ཉོ་ནིའི་དོན་ལུ་ དི་ལུ་གི་རི་བརྒྱུད་དེ་ རུ་པི་ས་ཡ་༣ སྤྲོད་ཡོདཔ་ད་ འཕྲུལ་ཆས་དེ་ པདྨ་མཚོ་མོ་ཤེར་པའི་ མིང་ཐོག་ཁར་ ཉོ་ཞིནམ་ལས་ ཨེསི་ཌི་རྡོ་སོལ་ཚོང་སྡེ་ལུ་ གླ་ཁར་བཏང་ནུག།
ཏི་རུ་དེ་ཡང་ མཚོ་མི་གླར་སྤྱོད་ཚོང་འབྲེལ་གྱི་ རྩིས་ཁྲ་ནང་ བཙུགས་ཡོདཔ་བཞིན་དུ་ པདྨ་མཚོ་མོ་དང་ དི་ལུ་གི་རི་༢ ཀྱི་ མཉམ་འབྲེལ་མིང་རྟགས་ཐོག་ལུ་ ཏི་རུ་བཏོན་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་མཇུག་བསྡུཝ་ད་ དངུལ་ཁང་གི་ སྐྱིན་ཚབ་བཏབ་ཚར་ཡོདཔ་མ་ཚད་ ས་བརྐོ་འཕྲུལ་ཆས་དེ་ ཨེསི་ཌི་རྡོ་སོལ་ཚོང་སྡེ་ལུ་ རྩིས་སྤྲོད་ཐོག་ལས་ སྒེར་གྱི་སྤྲོད་ལེན་ཚུ་ བློན་པོ་བགྲེསཔ་གིས་ བདེ་སྒྲིག་བཟོ་ཡོདཔ་ད་ དེ་གི་སྐོར་ལས་ དི་ལུ་གི་རི་དང་ མ་ནཱབ་དིང་ག་ར་ ཡང་ཅིན་ ཁོ་གི་ཚམོ་ལུ་ ཤེས་རྟོགས་མེད་པར་ འབད་ནུག་ཟེར་ཨིན་པས།
མ་གཞི་ ཞིབ་དཔྱད་སྐབས་ ས་བརྐོ་འཕྲུལ་ཆས་དེ་ འཕྱོག་བཟུང་མ་འབད་རུང་ འཕྲུལ་ཆས་དེ་ལས་ འོང་འབབ་བཟོ་མི་དང་ འཕྲུལ་ཆས་བཙོང་མི་ལས་ཐོབ་མི་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༩.༡༡༧ གཞུང་ལུ་ སོར་ཆུད་འབད་དགོ་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཤེར་ཡིག་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *