ནད་རྟགས་ཡོད་མེད་ བརྟག་དཔྱད་ཀྱི་དོན་ལུ་ བསྒུག་སྡོད་མི་ རོལ་སྣང་གཡུས་ཚན།

ལའུ་རིའི་མི་ཚུ་གིས་ མི་མང་བརྟག་དཔྱད་འབད་དགོ་པའི་ཞུ་བ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཉིན་བསྟར་བཞིན་དུ་ ཐོན་དོ་ཡོདཔ་མ་ཚད་ གཡུས་སྒོ་ཚུ་ནང་ ཚ་རིམས་དང་འབྲེལ་བའི་ ནད་རྟགས་ཐོན་མི་ ལེ་ཤ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།

དེ་ཡང་ ལའུ་རི་རྒེད་འོག་གི་ མི་ཚུ་གིས་ སླབ་མིའི་ནང་ ཁོང་གི་གཡུས་ཚན་ནང་ མི་མང་ཤོས་ར་ ཚ་རིམས་ཀྱི་རྟགས་མཚན་ ཐོན་ཡོདཔ་མ་ཚད་ མི་སྡེ་ནང་ ཀོ་བིཌ་-༡༩ འི་ ནད་འབུབ་ཡོད་པའི་ དོགས་པ་ཡོདཔ་ལས་ གསོ་བའི་སྨན་པ་ཚུ་གིས་ ག་དེ་མགྱོགས་མགྱོགས་ མི་མང་བརྟག་དཔྱད་འབད་དགོཔ་འདུག་ཟེར་ཨིན་པས།

རོལ་སྣང་གཡུས་ཚན་ལས་ སྐྱེས་ལོ་༤༠ ལང་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ བཀྲིས་སྒང་མེ་རག་ལས་ ཁ་ཤ་སྟེང་སྤྱི་འོག་ནང་འོང་མི་ སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་དེ་གིས་ ཕ་ཇོ་དགོན་པའི་ ཕོ་སྐྱེས་ཅིག་དང་གཅིག་ཁར་ ཚོང་ཁང་ཅིག་ནང་ ཕྱད་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་ ལོག་མེ་རག་ལུ་ སོང་པའི་ཤུལ་ལས་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་ཡོདཔ་བཞིན་དུ་ ཁོ་དང་གཅིག་ཁར་ཕྱད་མི་ ཕ་ཇོ་དགོན་པའི་ ཕོ་སྐྱེས་དེ་ཡང་ ནད་འབུབ་ཐོབ་ཡོད་རུང་ ནད་འབུབ་དེ་ མེ་རག་གི་ ཕོ་སྐྱེས་ལས་ ཁྱབ་སྤེལ་སོང་ནུག་ཟེར་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་དང་ ཁོ་གི་གནས་ཚང་དེ་ ཁ་ལས་སྐྱུགས་ མགུ་ཏོ་དང་ རྐང་ཚིགས་ལག་ཚིགས་ན་ཡོདཔ་ལས་ ཀོ་བིཌ་-༡༩ འི་ རྟགས་མཚན་ཨིན་པའི་ དོགས་པ་ཆགས་མི་ལུ་བརྟེན་ ལའུ་རི་གཞི་རྟེན་སྨན་ཁང་ནང་ སོང་ཡོདཔ་བཞིན་དུ་ སྨན་ཁང་གིས་ བཟའ་གྲོགས་ལུ་ ཚ་རིམས་ཀྱི་ སྨན་བྱིན་ཏེ་ ལོག་བཏང་ཡི་ཟེར་ཨིན་པས།

ད་རེས་ གཡུས་ཁའི་མི་མང་ཤོས་ཅིག་ར་ མགུ་ཏོ་དང་ རྐང་ཚིགས་ལག་ཚིགས་ན་ནི་དང་ ཁ་ལས་སྐྱུག་ནི་བཟུམ་མའི་ རྟགས་མཚན་ཚུ་ ཐོན་དོ་ཡོདཔ་ལས་ ཁོང་གི་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་སྔོན་འགོག་འབད་ཐབས་ལུ་ མི་མང་བརྟག་དཔྱད་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

མོམ་རིང་ལས་ ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་གི་མི་ཚུ་ ཁ་ཤ་སྟེང་ལུ་ མི་ཅིག་གྱོངས་མིའི་ བར་བདུན་ཚིགས་ནང་ འགྱོ་བའི་སྐབས་ མེ་རག་གི་ ཕོ་སྐྱེས་དང་ ཕྱད་ནུག་ཟེར་ཨིནམ་ད་ ཕོ་སྐྱེས་དེ་ ཧེ་མ་ལས་ ཚ་རིམས་ཐོབ་སྟེ་ ན་མི་ལུ་བརྟེན་ ས་གནས་ཀྱི་ མི་ཅིག་གིས་ སྨན་བཅོས་འབད་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ ག་གིས་བཅོ་ཐབས་འབད་ཡི་ག་ མ་ཤེས་ཟེར་ བཤདཔ་ཨིན་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ མེ་རག་གི་མི་དེ་ རྐང་ཚིགས་ལག་ཚིགས་དང་ མགུ་ཏོ་ན་ནི་ དེ་ལས་ ཁ་ལས་སྐྱུག་ནི་དང་ ལྟོ་ཁམས་བཀག་ནི་ལ་སོགས་པའི་ རྟགས་མཚན་ཚུ་ཐོནམ་ལས་ ས་གནས་ཀྱི་ ཆོསཔ་ཅིག་ལུ་ བཅོ་ཐབས་འབད་གནང་དགོཔ་སྦེ་ སླབ་བཞིན་དུ་ ཆོསཔ་དེ་གིས་ སྨན་བཅོས་འབད་ནུག་ཟེར་ཨིན་པས།

གཡུས་ཁའི་ཆོསཔ་དེ་གིས་ ཀོ་བིཌ་-༡༩ ཐོབ་མི་ ཕོ་སྐྱེས་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་འཐབ་པའི་ཤུལ་ལུ་ ཆོསཔ་དེ་ལས་སྦེ་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་སོང་པའི་ དོགས་པ་ཡོད་ཟེར་ཨིན་པས།

ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ གཡུས་ཁའི་མི་ཚུ་ལུ་ ཚ་རིམས་ཀྱི་ རྟགས་མཚན་ག་ནི་ཡང་མེད་པའི་ཁར་ ཧེ་མ་དང་ཕྱདཔ་ད་ ད་རེས་ མི་ཚུ་གིས་འབད་རུང་ ལགཔ་ཆུ་འཁྱུ་ནི་དང་ ཁ་རས་སྤུབ་ནི་ དེ་ལས་ མི་མང་སྤུང་འཛོམས་འབད་ནི་ལས་འཛེམ་ཐོག་ ཀོ་བིཌ་-༡༩ སྔོན་འགོག་གི་ སྒྲིག་གཞི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།

ཕ་ཇོ་དགོན་པ་ལས་ སྐྱེས་ལོ་༥༤ ལང་མི་ དོན་གྲུབ་ཀྱིས་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་འགྱོ་མི་དེ་ ཚེ་འདས་ཀྱི་ ཕམ་སྤུན་ཆ་དང་ མེ་རག་གི་ ཕོ་སྐྱེས་ཚུ་ལུ་ ཁ་ཉེས་བཀལ་དགོཔ་མེད་ཟེར་ བཤད་པའི་ཁར་ ད་ལྟོ་ ཁག་ཆེ་མི་དེ་ར་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་སྔོན་འགོག་འབད་ནིའི་དོན་ལུ་ མི་མང་བརྟག་དཔྱད་འབད་དགོཔ་དེ་  ཨིན་ཟེར་ཨིན་པས།

ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ནདཔ་ཕོ་སྐྱེས་དེ་ བསམ་གྲུབ་ལྗོངས་མཁར་ལུ་མེན་པར་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ བསམ་གྲུབ་ལྗོངས་མཁར་ལས་ རྒྱ་གར་བརྒྱུད་དེ་ ཁ་ཤ་སྟེང་ལུ་ འབག་འོང་སྟེ་ ཉིནམ་༤ གི་རྒྱབ་ལས་ སྤྱི་ཟླ་༥ པའི་ཚེས་༡ ལུ་ གྱོངས་སོ་ནུག་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནདཔ་ཕོ་སྐྱེས་ཀྱི་  སྤུན་ཆ་༢ སྤ་རོ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ མ་འགྱོ་བའི་ཧེ་མ་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་མ་ཚད་ ཁོང་༢ ལས་༡ ནདཔ་ལེན་པར་ སྤ་རོ་ལུ་ མ་འགྱོ་བའི་ཧེ་མ་ དགེ་ལེགས་ཕུག་ལུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་ནང་ སྡོད་ནུག་ཟེར་ཨིན་པས།

ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤུན་ཆ་༢ ཆ་ར་ ཀོ་བིཌ་-༡༩ ཐོབ་ནུག་ཟེར་ཨིནམ་ད་ མེ་རག་ལས་ ཀོ་བིཌ་-༡༩ འགོ་དང་པ་ཐོབ་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ཁ་ཤ་སྟེང་ལུ་ འོང་ཡོདཔ་བཞིན་དུ་ སྤྱི་ཚེས་༡༤ ལུ་ ལོག་སྟེ་མེ་རག་ལུ་ སོང་ནུག་ཟེར་ཨིན་པས།

རོལ་སྣང་གི་ སྨྱུང་གནས་དེ་ སྤྱི་ཟླ་༥ པའི་ཚེས་༡༨ ལས་༢༡ ཚུན་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ རོལ་སྣང་གཡུས་ཚན་གྱི་ མི་རྐྱངམ་གཅིག་གིས་ འབྲེལ་གཏོགས་འབད་ཡོད་རུང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཀོ་བིཌ་-༡༩ ཐོབ་མི་ ཐོན་པའི་ཤུལ་ལུ་ ཕྱི་ཁའི་མི་ག་ཡང་ འོང་མ་བཅུག་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

འགོ་དཔོན་ཚུ་གིས་ མགྱོགས་པ་ར་ མི་མང་བརྟག་དཔྱད་འབད་ནིའི་ འཆར་གཞི་ཡོདཔ་ད་ ནད་འབུབ་ཕྱིར་སྤེལ་ཚད་འཛིན་དང་ འཛིན་སྐྱོང་འབད་ནི་མ་གཏོགས་ ནད་འབུབ་དེ་ ག་དེ་སྦེ་ ག་ཏེ་ལས་ ཁྱབ་སྤེལ་སོང་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་མི་ཚུགས་ནི་ཨིནམ་ལས་ འཚོལ་ཞིབ་འབད་ནི་དེ་ གཙོ་རིམ་མེན་རུང་ གསོ་བའི་སྡེ་ཚན་ཚུ་གིས་ ཞིབ་དཔྱད་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *