༉ འབྲུག་རྒྱལ་ཁབ་ཀྱི་ ལུང་ཕྱོགས་དང་ ས་གནས་ཁག་སོ་སོའི་ནང་ སྔར་སྲོལ་ལམ་ལུགས་རེ་ཡོད་མི་ཚུ་ ཕ་བརྒྱུད་བུ་བརྒྱུད་སྦེ་ བདག་འཛིན་འཐབ་སྟེ་ ཉམས་སྲུང་འབད་ཡོད་རུང་ ད་རེས་ནངས་པར་ མཐའ་ཟུར་གྱི་ གཡུས་སྒོ་ཚུ་ནང་ རང་ལུགས་ཀྱི་ ལམ་ལུགས་སྲོལ་ མི་ཉམས་གོང་འཕེལ་གཏང་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན་མས།
མ་གཞི་ ལམ་སྲོལ་གོང་འཕེལ་གཏང་ནི་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ གི་གྲངས་སུ་ ཚུད་དེ་ཡོདཔ་ལས་ ང་བཅས་ཀྱིས་ གལ་གནད་ཅན་ཅིག་སྦེ་ བརྩི་མཐོང་བསྐྱེདཔ་ཨིན་རུང་ མི་སྡེ་བསྒྱུར་བཅོས་འགྱོ་བའི་ ནམ་དུས་ལུ་ གདོང་ལེན་གསརཔ་ཚུ་ བྱུངམ་ཨིན་མས།
དེ་ཡང་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ཤེས་ཡོན་སྦྱང་བཅུགཔ་མ་ཚད་ ན་གཞོན་ཚུ་ གྲོང་གཡུས་ལས་ ཁྲོམ་ཁ་ལུ་ གནས་སྤོ་འོང་པའི་ གནད་ལུ་བརྟེན་ གཡུས་ཁར་སྡོད་མི་ རྒན་རྒས་རྐྱངམ་གཅིག་ ལུས་ནི་དེ་གིས་ མི་སྡེའི་ནང་ དུས་སྟོན་བརྩི་སྲུང་སྐབས་ ཞབས་ཁྲ་དང་ འཆམ་རྐྱབ་མི་མེད་པའི་ དཀའ་ངལ་བྱུང་སྟེ་འདུག།
དཔེར་ན་ འདས་པའི་ཟླཝ་ནང་ ལྷུན་རྩེ་སྐམ་དར་སྤྱི་འོག་ནང་ བཟའ་ཚང་ཅིག་གིས་ ཁོང་རའི་ཡུལ་ལྷ་གསོལ་མ་བཏུབ་མི་ལུ་བརྟེན་ ཁྱིམ་གུང་པ་༢༤ གིས་ བཟའ་ཚང་གི་ འཐུས་མི་དེ་ ཁྲིམས་སར་བསྐྱལ་ཏེ་ ཁྲིམས་གཏུགས་འབད་ནུག།
སྐམ་དར་སྤྱི་འོག་གིས་ དང་ཕུ་ལས་ར་ རང་ཟླ་༧ པའི་ཚེས་༡༤ ལུ་ ས་གནས་སྦལཔ་ཟོར་ ཙན་དན་ཤིང་གི་རྩ་བར་དང་ ཚེས་༡༥ ལུ་ སྟག་མོ་ཆུ་སྤྱོད་འོག་དང་ ཕ་གི་གདུང་སྤྱི་འོག་ དེ་ལས་ སྐམ་དར་སྤྱི་འོག་༣ གྱིས་ སྟག་སྐད་ལ་ ལྷ་ཁང་ནང་སྦེ་ ལྶ་མོ་དང་ མགོན་པོ་༢ ཀྱི་ སྐུ་འཆམ་མཇལ་ཁ་གནངམ་ད་ བྲོའི་གདངས་འབྱངས་འཐེན་སྲོལ་ཡོདཔ་ཨིན་མས།
འདི་འབདཝ་ད་ བྲོ་དཔོན་དེ་ ལོ་ན་རྒས་མི་ལུ་བརྟེན་ ལྕོགས་གྲུབ་མེད་པར་ ལྷ་གསོལ་གྱི་ དུས་ཚོད་ནང་ འབྲེལ་གཏོགས་མ་འབད་བའི་ཁར་ བུམོ་གིས་ཡང་ བྲོ་དཔོན་གྱི་ཚབ་སྦེ་ མི་ངོམ་བཏོན་མ་བཏུབ་ནི་དེ་གིས་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་མས།
བདུན་ཕྲག་འདི་ནང་ བྲོ་དཔོན་གྱི་བུམོ་ ཤེས་རབ་སྒྲོལ་མ་ལུ་ ལྷ་གསོལ་དུས་སྟོན་ནང་ བཅའ་མར་གཏོགས་མ་བཏུབ་པའི་ ཉེས་ཆད་དངུལ་ཀྲམ་༡༠༠,༠༠༠ བཀལ་ཡོདཔ་བཞིན་དུ་ མོ་གིས་ཡང་ དམངས་ཁར་སྤྲོད་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན་རུང་ སོ་ནམ་ཞིང་པ་ཚུ་གི་དོན་ལུ་ ཉེས་ཆད་དངུལ་ཀྲམ་འབུམ་༡ བཀལ་མི་དེ་ མནོ་བསམ་བཏང་མ་ཚུགསཔ་ཅིག་ཨིན་མས།
མ་གཞི་ ད་ལས་ཕར་ ཤེས་རབ་སྒྲོལ་མ་གིས་ ལྷ་གསོལ་སྐབས་ བཅའ་མར་མ་གཏོགས་རུང་ བཏུབ་ནི་ཨིན་རུང་ བཟའ་ཚང་ཅིག་ལུ་ འདི་བཟུམ་མའི་ ཉེས་ཆད་བཀལ་མི་དེ་ འོས་ལྡན་ཅིག་ མི་མཐོངམ་མས།
ག་འཆརཔ་ཟེར་བ་ཅིན་ གཡུས་མི་ཉམ་ཆུང་ལུ་ ཉེས་བྱ་བཀལ་ཏེ་ ང་བཅས་རའི་ ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་དེ་ མ་འོངས་པ་ལུ་ གདོང་ལེན་སྦོམ་འབྱུང་ནི་ཨིནམ་ད་ གོང་ལུ་ གསལ་བཀོད་འབད་དོ་བཟུམ་ ད་རེས་ནངས་པར་ ང་བཅས་རའི་ ན་གཞོན་ཚུ་ གཡུས་ཁར་སྡོད་ནི་ལུ་ སྤྲོ་བ་མ་བསྐྱེད་པར་ ཁྲོམ་ཁ་ལུ་ འགྱོ་ནི་གི་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ གཡུས་སྒོ་སོ་སོའི་ ལམ་ལུགས་སྲོལ་ཚུ་ འགྲོས་ཀྱིས་བཏང་སྟེ་ ཉམས་འགྱོ་ནི་དེ་ ཐག་ཆོད་ཨིན་མས།
མ་གཞི་ ང་བཅས་ཀྱིས་ ས་གནས་ཀྱི་ ལམ་སྲོལ་ཚུ་ ཉམས་སྲུང་འབད་ནི་དེ་ གལ་གནད་ཅན་ཅིག་ཨིན་རུང་ མི་ངོ་དང་ བཟའ་ཚང་ཚུ་ལུ་ བང་བཙོང་སྟེ་ དུས་སྟོན་ཚུ་ནང་ བཅའ་མར་གཏོགས་བཅུག་ནི་དེ་ ཡུན་བརྟན་མི་འོང་ནི་དང་ རང་སོའི་གཞི་རྟེན་ཐོབ་དབང་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་འདུག།
འདི་འབདཝ་ལས་ རྒྱལ་ཡོངས་ཀྱི་ ལམ་སྲོལ་ཐད་ཁར་ རྒྱལ་ཁམས་ཀྱིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་དེ་ ཁག་ཆེ་ནི་ཨིན་རུང་ གཡུས་སྒོ་སོ་སོའི་ ལྷ་གསོལ་ནི་ལ་སོགས་པའི་ དུས་སྟོན་ཚུ་ནང་ བཅའ་མར་གཏོགས་མི་གཏོགས་ཀྱི་ ཐོབ་དབང་ཚུ་ མི་སེར་ཁོང་ར་ལུ་ བཞག་དགོཔ་འདུག་ཟེར་ ཞུ་ནི་ཨིན།