ལམ་སྲོལ་ཉམས་སྲུང་དང་གཅིག་ཁར་ མི་སྡེའི་དགོས་མཁོ་ཡང་གལ་ཆེཝ།

༉ འབྲུག་རྒྱལ་ཁབ་ཀྱི་ གོང་འཕེལ་གྱི་ལྟ་བ་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ ལུ་ གཞི་བཞག་སྟེ་ཨིནམ་བཞིན་དུ་ ཀ་ཆེན་༡ ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་དང་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་དེ་ཨིན།
དེ་གི་ནང་ལས་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ཡང་ རྒྱལ་ཁམས་ཀྱིས་ མི་སྡེ་དང་ མི་སེར་གྱི་ ལམ་སྲོལ་འཚོ་བ་འབྱོར་ཐབས་ལུ་ དྲན་རྟེན་དང་ སྒྱུ་རྩལ་ ཡང་ན་ རྒྱལ་རབས་ཅན་གྱི་ ས་གོ་དང་ ཅ་དངོས་ རྫོང་གཞིས་ ལྷ་ཁང་ དགོན་སྡེ་ རྟེན་གསུམ་ གནས་ སྐད་ཡིག་ རྩོམ་རིག་ སྒྲ་དབྱངས་ མཐོང་སྣང་གི་སྒྱུ་རྩལ་ ཆོས་ལུགས་བརྩིས་པའི་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་ཡོདཔ་ཨིན།
དེ་མ་ཚད་ རྒྱལ་ཁམས་ཀྱིས་ ལམ་སྲོལ་འདི་ འཕོ་འགྱུར་ཆེ་བའི་ ནུས་ཤུགས་ཅན་ཅིག་ཨིན་པའི་ ངོས་འཛིན་འབད་ནི་དང་ འཕོ་འགྱེལ་དང་ རྒྱུན་ཆད་མེན་པའི་ སྔར་སྲོལ་གྱི་ ཁྱད་ཆོས་དང་ གཙུག་སྡེ་ཚུ་ ཡར་འཕེལ་ཅན་གྱི་ མི་གཅིག་སྦེ་ ཡུན་བརྟན་ཚུགས་པའི་ མཐའ་བཙན་དང་ ཕན་འདེབས་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་མས།
འདི་འབདཝ་ལས་ བདུན་ཕྲག་འདི་ནང་ ཐིམ་ཕུག་ལུ་ ལམ་སྲོལ་དང་འབྲེལ་བའི་ ས་ཁོངས་གསུམ་ ངོས་འཛིན་འབད་ཡོད་པའི་ འཛིན་སྐྱོང་འཆར་གཞི་ཚུ་ གསལ་བཤད་འབད་ཡོདཔ་ད་ ས་གནས་ཁག་༦ ལམ་སྲོལ་གྱི་ ས་ཁོངས་སྦེ་ བཟོ་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ བུ་ལི་དང་ རམ་སྟོད་ ཨུ་ར་ མནའ་སྦྱིས་ སྒང་སྟོད་ རིན་ཆེན་སྒང་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནུག།
དེ་བཟུམ་མའི་ ལམ་སྲོལ་གྱི་ ས་ཁོངས་བཟོ་ནི་གི་ ཐབས་ལམ་དེ་ ལེགས་ཤོམ་ཅིག་ཨིན་རུང་ འབྲུག་པའི་ས་ཆ་དེ་ར་ ཐུན་མོང་མ་ཡིན་པའི་ ལམ་སྲོལ་ས་ཁོངས་སྦེ་ཡོདཔ་ལས་ ཕྱིའི་ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ འོང་དགོ་མི་དེ་ར་ གནད་དོན་དེ་ལུ་བརྟེན་ཨིན་མས།
ང་བཅས་རའི་ གྲོང་གསེབ་ཚུ་ནང་ ཁྱིམ་ཚུ་གི་ བཟོ་བཀོད་ཅོག་འཐདཔ་བཟོ་ནི་དང་ སའི་ཆགས་ཚུལ་དག་པ་ཅིག་ གཅིག་མཚུངས་བཟོ་ནི་དེ་ ལམ་སྲོལ་གྱི་གྲངས་སུ་ མི་ཚུད་ནི་ཨིནམ་ལས་ སྔོན་དང་ཕུ་ལས་ཡོད་པའི་ ལྷ་ཁང་དགོན་སྡེ་དང་ དྲན་རྟེན་ ལུང་ཕྱོགས་སོ་སོའི་ ལམ་ལུགས་སྲོལ་ཚུ་ བདག་འཛིན་འཐབ་པ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་ འགྲུབ་ཚུགས་ནི་ཨིན་མས།
ད་རེས་ནངས་པར་ འཛམ་གླིང་གཅིག་གྱུར་དང་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་ ནམ་དུས་ལུ་ ང་བཅས་རའི་ མི་སྡེ་ཚུ་ལུ་ ག་ཅི་ཁག་ཆེ་ནི་སྨོ་ཟེར་བ་ཅིན་ གཞི་རྟེན་གསོ་བའི་མཐུན་རྐྱེན་དང་ མི་སྡེའི་ཞབས་ཏོག་ཚུ་ ཁག་ཆེ་ནི་ཨིན་མས།
བདུན་ཕྲག་དག་པ་ཅིག་གི་ཧེ་མར་ རྒྱལ་ཁབ་ཀྱི་ ས་གནས་མཐོ་སར་ སྡོད་མི་ཚུ་གི་དོན་ལས་ རྒྱལ་ས་ལྟེ་བ་ལུ་ གཞུང་དང་གཅིག་ཁར་ ཞལ་འཛོམས་ཐེངས་དང་པ་ འཚོགས་པའི་སྐབས་ ཁོང་གི་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནིའི་ ཕན་ཐབས་ལུ་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་དགོ་པའི་ གྲོས་འཆར་ཞུ་ནུག།
ང་བཅས་ཀྱིས་ ས་ཁར་མཐོ་སའི་ མི་སྡེ་ཚུ་གིས་ ཞུ་བ་འབད་དོ་བཟུམ་ གསོ་བ་དང་ ཤེས་རིག་ བརྒྱུད་འབྲེལ་གྱི་ མཐུན་རྐྱེན་ཚུ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་བ་ཅིན་ ད་རེས་ནངས་པར་ ང་བཅས་ལུ་ བྱུང་སྟེ་ཡོད་མི་ དཀའ་ངལ་ལེ་ཤ་ཅིག་ར་ སེལ་ཚུགས་ནི་ཨིནམ་ད་ གྲོང་གསེབ་ལས་ ཁྲོམ་སྡེ་ནང་ གནས་སྤོ་འོང་མི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཚུ་ སེལ་ནི་ལུ་ ལྷན་ཐབས་འབྱུང་འོང།
ང་བཅས་ཀྱིས་ འགྲོ་བ་མི་ལུ་མཁོ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ཚུགས་པ་ཅིན་ ཐུན་མོང་མ་ཡིན་པའི་ ལམ་སྲོལ་དང་ སྲོལ་རྒྱུན་གྱི་ དྲན་རྟེན་ཚུ་ རང་བཞིན་གྱིས་ར་ ཉམས་སྲུང་འབད་ཚུགས།
གལ་སྲིད་ མི་སྡེ་དང་ དཔལ་འབྱོར་དང་འབྲེལ་བའི་ ཞབས་ཏོག་ཚུ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ལྷོད་མ་ཚུགས་པ་ཅིན་ མི་སྡེ་ཚུ་གིས་ ཁོང་རའི་འཚོ་སྐྱོང་དང་ གཙོ་རིམ་ཚུ་ལུ་ ཤུགས་བཏོན་པའི་བསྒང་ལས་ ད་ཚུན་གྱི་བར་ན་ ཉམས་མེད་ཐོག་ གནས་ཡོད་མི་ འབྲུག་གི་ལམ་སྲོལ་བཟང་པོ་ཚུ་ འགྲོས་ཀྱིས་བཏང་སྟེ་ ཡལ་ཉམས་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན།
འདི་འབདཝ་ལས་ ལམ་སྲོལ་དང་ སྲོལ་ཁྱུན་ཉམས་སྲུང་དེ་ གོང་འཕེལ་དང་གཅིག་ཁར་ འགྱོ་དགོ་ཟེར་ ཞུ་ནི་ཨིན།

 

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *