༉ འཕྲལ་ཁམས་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ ནར་ཕུང་ལུ་ འཁོར་ལམ་ཁག་ལེ་ཤ་ཅིག་ བསུབས་ཡོད་རུང་ ལ་ལོ་ཅིག་གིས་ འཁོར་ལམ་བསུབས་མི་དེ་ རྒྱ་བསྐྱེད་འབད་བའི་སྐབས་ ལེགས་ཤོམ་སྦེ་ ས་མ་བཅད་མི་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།
མིང་གསང་བཞག་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ གཞུང་ལམ་རྒྱ་བསྐྱེད་འབད་བའི་བསྒང་ཨིནམ་བཞིན་དུ་ ནར་ཕུར་དེ་ ས་རུད་འཐོན་ཉེན་ཆེ་བའི་ ས་ཁོངས་ཅིག་འབདཝ་ལས་ གཞུང་ལམ་གྱི་ལྟག་ལས་ ས་བཅད་པའི་སྐབས་ ལེགས་ཤོམ་སྦེ་ བཅད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མའི་ བཟོ་རིག་འགོ་དཔོན་ སྡོད་པའི་སྐབས་ ས་ལེགས་ཤོམ་སྦེ་ བཅད་ཡོད་རུང་ ད་རེས་ གསརཔ་འོང་མི་ འགོ་དཔོན་དེ་གིས་ ཁོ་ར་གིས་ར་ ཐག་བཅད་དེ་ ས་བཅད་དོ་ཡོདཔ་ལས་ ད་ལྟོ་ ས་བཅད་དོ་ཡོད་མི་དེ་ཁར་ ལཱ་འབད་མི་ཚུ་གི་ སེམས་ཁར་ལུ་ཡང་ མ་འབབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་གིས་ ས་བཅད་པའི་སྐབས་ ག་དེ་སྦེ་ བཅད་དགོཔ་ཨིན་ན་ འགོ་དཔོན་དང་གཅིག་ཁར་ གྲོས་བསྟུན་འབད་རུང་ འགོ་དཔོན་དེ་གིས་ ས་ཁྲ་དང་འཁྲིལ་ འབདཝ་མས་ཟེར་ཨིནམ་ད་ འཕྲལ་འཕྲལ་ ས་ཁྲ་ནང་ བཀོད་དོ་བཟུམ་སྦེ་མེན་པར་ ཐབས་ཤེས་ཀྱི་ཐོག་ལས་ཡང་ འབད་དགོཔ་འཐོན་ནི་ཡོད་ཟེར་ཨིན་པས།
གཞུང་ལམ་བསུབས་པའི་སྐབས་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ ཞག་ཡང་ཉལ་སྡོད་དགོཔ་ ཐོན་དོ་ཡོདཔ་ལས་ སེམས་ཀྱིས་བཟོད་མ་ཚུགས་རུང་ རྒྱབ་སྐྱོར་འབད་ཐབས་ཅིག་ ག་ནི་ཡང་ མིན་འདུག་ཟེར་ གནས་ཚུལ་བཤད་མི་དེ་གིས་ བཤདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ བསུབས་པའི་སྐབས་ མི་ཊར་༥༠ དང་༡༠༠ དེ་རེ་ བསུབས་དོ་ཡོདཔ་ལས་ ལམ་སེལ་ནིའི་དོན་ལུ་ ཕྱོགས་༢ ཆ་ར་ལས་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་བཙུགས་ཏེ་ སེལ་བ་ཅིན་ དུས་ཡུན་མི་འགོར་ནི་ཨིནམ་ལས་ ལེ་ཤ་བསྒུག་དགོཔ་ མ་ཐོན་པའི་ཁར་ ཞག་ཡང་ ཉལ་དགོཔ་མི་འཐོན་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་ནང་ དུས་ཡུན་ལེ་ཤ་བསྒུག་དགོཔ་དང་ ཡང་ཅིན་ ཞག་ཡང་ ཉལ་དགོཔ་ཐོན་མི་དེ་ ལམ་སེལ་ནིའི་དོན་ལུ་ ཨེགསི་ཀེ་བེ་ཊར་༡ ལས་བརྒལ་ མ་བཙུགས་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ དེ་བཟུམ་མའི་ གནས་སྟངས་ནང་ མི་ཐུག་ནི་དང་ ལམ་གང་མགྱོགས་སྦེ་ སེལ་ཐབས་ལུ་ ཕྱོགས་༢ ཆ་ར་ལས་ ཨེགསི་ཀེ་བེ་ཊར་བཙུགས་དགོཔ་ ཁག་ཆེ་ནི་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ལམ་སེལ་བའི་སྐབས་ཡང་ སྣུམ་འཁོར་སྦོམ་ཚུ་ ཐལ་ནི་རྐྱངམ་གཅིག་སྦེ་ སེལ་ནི་མེན་པར་ སེལ་བའི་བསྒང་ལས་ར་ སྣུམ་འཁོར་ཆུང་ཀུ་ཚུ་ཡང་ ཐལ་ཚུགསཔ་སྦེ་ སེལ་དགོཔ་ཁག་ཆེ་མི་དེ་ཡང་ འཕྲལ་འཕྲལ་ ལམ་གྱི་ལྟག་ལས་མར་ རྡོ་བུད་འོང་དོ་ཡོདཔ་ལས་ སྣུམ་འཁོར་ཤུགས་སྦེ་ བཏང་འགྱོ་བའི་སྐབས་ བརྡུང་མི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།