བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཚུན་ ལམ་འགྲུལ་འབད་མི་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ འཆི་མེད་དང་ ཚེ་བརྟན་རྡོ་རྗེ་༢ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་ ལྷོད་པའི་སྐབས་ ལེགས་སྨོན་ཅན་ཚུ་གིས་ བསུ་བ་འབད་བའི་བསྒང་།

ལམ་འགྲུལ་ལས་རིམ་ཐོག་ལས་ མཁལ་རྡོག་གི་དོན་ལུ་ ཞལ་འདེབས་དངུལ་ཀྲམ་ས་ཡ་༦.༤ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཚུན་ ཉིན་གྲངས་༣༠ གི་རིང་ གཞུང་ལམ་བདའ་སྟེ་ རྐང་སྟོང་སྦེ་ ལམ་འགྲུལ་འབད་བའི་མཐའ་མར་ འབྲུག་མཁལ་རྡོག་གཞི་ཚོགས་དང་ ལམ་འགྲུལ་འགོ་འདྲེན་འཐབ་མི་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ འཆི་མེད་དང་ ཚེ་བརྟན་རྡོ་རྗེ་༢ ཀྱིས་ ཞལ་འདེབས་དངུལ་ཀྲམ་ས་ཡ་༦.༤ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ ས་ཁོངས་ནང་སྦེ་ ལམ་འགྲུལ་མཇུག་བསྡུ་མི་དང་འབྲེལ་ གཞི་ཚོགས་ཀྱི་ བཀོད་ཁྱབ་འགོ་དཔོན་ བཀྲིས་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལས་འགོ་བཙུགས་ ཤར་ཕྱོགས་དང་ དབུས་ཕྱོགས་ དེ་ལས་ ནུབ་ཕྱོགས་རྫོང་ཁག་བསྡོམས་༨ ནང་ ལམ་འགྲུལ་འབད་བའི་སྐབས་ ཞལ་འདེབས་བསྡུ་ལེན་འབད་མི་དང་ ད་རུང་ འཐོབ་ནི་ཡོདཔ་ལས་ ཞལ་འདེབས་ཡར་སེང་ འགྱོ་འོང་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཞལ་འདེབས་མ་དངུལ་དེ་ གཞི་ཚོགས་ཀྱིས་ མཁལ་རྡོག་གི་ ནད་གཞི་ཐོབ་མི་ཚུ་ལུ་ གྲོགས་རམ་འབད་བཞིན་དུ་ཡོད་པའི་ཁར་ མ་འོངས་པའི་དོན་ལུ་ བློ་གཏད་མ་དངུལ་སྦེ་ གཏན་བཞག་གི་དོན་ལུ་ གསོག་འཇོག་ནང་བཙུགས་ཏེ་ སྐྱེད་ཀྱི་ཐོག་ལས་ འོང་འབབ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ལམ་འགྲུལ་འབད་མི་གཉིས་ཀྱིས་ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་མ་ལྷོད་ཚུན་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ ཞལ་འདེབས་ཚུ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཁ་ཙ་ མཇུག་བསྡུའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཐིམ་ཕུག་ཁྲོམ་སྡེ་དང་ ཁྲོམ་ཁར་སྡོད་མི་ དེ་ལས་ གཞན་ཡང་ མི་ལེ་ཤ་ཅིག་གིས་ ཞལ་འདེབས་བྱིན་ནིའི་དོན་ལུ་ ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ ས་ཁོངས་ནང་ སྤུངས་འཛོམས་འབད་ཡི།
ལས་རིམ་དེ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་ཞུ་ནི་དང་འབྲེལ་ འགོ་བཙུགས་ནུག།
བཀྲིས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ལས་རིམ་དེ་གི་ཐོག་ལས་ མི་ཚུ་ལུ་ མཁལ་རྡོག་གི་ ནད་གཞི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་བཞིན་དུ་ ལྷག་ལུས་རྫོང་ཁག་གཞན་ཚུ་ནང་ཡང་ འགྱོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ལམ་འགྲུལ་ལས་རིམ་ནང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་ མོང་སྒར་ བུམ་ཐང་ ཀྲོང་གསར་ དབང་འདུས་ སྤུ་ན་ཁ་ དེ་ལས་ ཐིམ་ཕུག་རྫོང་ཁག་ཚུ་ ཁྱབ་ཡོདཔ་ཨིན་པས།
ཁ་ཙ་གི་ ལས་རིམ་ནང་ སྐུ་མགྲོན་སྦེ་བྱོན་མི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་བཟང་པོ་གིས་ མཁལ་རྡོག་གི་ ནད་གཞི་ལུ་བརྟེན་ ནདཔ་ཚུ་ལུ་རྐྱངམ་གཅིག་མེན་པར་ ནད་པའི་ནང་མི་བཟའ་ཚང་ཚུ་ལུ་ཡང་ དཀའ་སྡུག་བྱིན་དོ་ཡོདཔ་ལས་ ཌོག་ཊར་ཚུ་གིས་ བསླབ་སྟོན་བྱིན་དོ་བཟུམ་སྦེ་ ལུས་སྦྱོང་འབད་དགོཔ་ གལ་ཆེ་ཟེར་བཤད་ཅི།
ལམ་བདའ་སྟེ་ རྫོང་ཁག་དང་ སློབ་གྲྭ་ཁག་གི་ དབུ་འཛིན་དང་ སློབ་དཔོན་ དེ་ལས་ གཡུས་སྒོ་སོ་སོའི་ མི་ཚུ་གིས་ ཞལ་འདེབས་མ་ཚད་ བཞེས་སྒོ་དང་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *